རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་སྟངས་དེ་བྱབ་ཆུང་རེད།

རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་སྟངས་དེ་བྱབ་ཆུང་རེད་ཅེས་ཉེ་ཆར་རྡ་སར་ཕེབས་མཁན་ཨ་རིའི་གྲོས་ཚོགས་འཐུས་མིས་གསུངས་འདུག
ཉེ་ལམ་ཨ་རིའི་གྲོས་ཚོགས་འཐུས་མིའི་མཐོ་རིམ་སྐུ་ཚབ་ཚོགས་པ་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་དང་བོད་མིའི་གནད་དོན་ཐད་ནད་མི་ཐེགས་པ་ལྟ་བུའི་སྡང་ཟུག་བྱེད་པའི་བྱབ་ཆུང་གི་བལྟ་ཚུལ་ཞིག་རེད་ཅེས། རྡ་རམ་ས་ལར་ཕེབས་མཁན་གྱི་གྲས་སུ་ཡོད་པ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Eliot Engel) གྱིས་རྒྱ་གར་གྱི་ཉིན་རེའི་གསར་ཤོག (Hindustan Times) ཡི་གསར་འགོད་པའི་དྲི་བར་ལན་སྐབས་གནང་སྐབས་གསུངས་འདུག
དེ་ཡང་ཟླ་བ་འདིའི་འགོ་སྟོད་དུ་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ (Nancy Pelosi) ཡིས་སྣེ་ཁྲིད་གནང་བའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག བཞུགས་སྒར་རྡ་རམ་ས་ལར་ཕེབས་བསྐྱོད་ཀྱིས་ཁུལ་དེར་ཉིན་གྲངས་གཉིས་བཞུགས་རྒྱུན་རིང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམ་པའི་ལྷན་དུ་མཇལ་འཕྲད་དང༌། ཁོང་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུས་པའི་མཛད་སྒོར་མཉམ་ཞུགས་བཅས་གནང་ཡོད་པ་དེ་དག་ནི། ཨ་རིའི་ཕྱོགས་ནས་རྒྱ་ནག་གཅིག་ཟེར་བའི་འདོད་ཚུལ་ངོས་འཛིན་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མ་མཐུན་པ་དང༌། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་གཞིའི་བྱ་སྤྱོད་ཞིག་རེད་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་དེའི་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པའི་ལན་དུ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Eliot Engel) གྱིས། དེ་ནི་རྒྱ་ནག་གཞུང་གིས་སྡང་ཟུག་དང་གུ་དོག་པོའི་བསམ་ཚུལ་ཞིག་རེད། གལ་སྲིད་བོད་ཀྱི་གནད་དོན་ཐད་སྦས་གསང་བྱེད་དགོས་པ་གང་ཡང་མེད་པ་ཡིན་ན། ང་ཚོ་རྡ་རམ་ས་ལར་བསྐྱོད་པ་དེར་རྒྱ་ནག་གཞུང་ལ་ཕོག་ཐུག་ཡོང་དགོས་པ་གང་ཡང་མེད། རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་སྡུག་རྣམས་བརྗེད་ཐུབ་ཀྱི་མ་རེད་ཅེས་ལན་འདེབས་གནང་འདུག

གསར་འགོད་པ་ངག་ཆོས།