སྟོབས་རྒྱལ་ལགས་འཇུ་བཟུང་རྗེས་གནས་སྟངས་ཤེས་རྟོགས་མེད་པ།
སྟོད་དིང་རི་ཁུལ་ནས་ཡིན་པའི་ན་གཞོན་སྟོབས་རྒྱལ་ལགས་རྒྱ་མིའི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་འདུག
-
2015-01-07 -
-
-
སྟོད་དིང་རི་ཁུལ་ནས་ཡིན་པའི་ན་གཞོན་སྟོབས་རྒྱལ་ལགས་རྒྱ་མིའི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དྲུག་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། སྟོད་དིང་རི་ནས་ཡིན་པའི་ན་གཞོན་ལོ་ན་ཉི་ཤུ་རྩ་གསུམ་ཙམ་ཡིན་པའི་སྟོབས་རྒྱལ་ལགས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་བར་བདུན་ཕྲག་གཉིས་ལྷག་ཙམ་འགྲོ་གི་ཡོད་ཀྱང་ཁོང་གི་ནང་མི་སྤུན་ཉེ་སོགས་ཀྱིས་ཁོང་ས་གནས་གང་དུ་བཙན་འཁྲིད་བྱས་ཡོད་མེད་དང་། འཆི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།
ཡང་གནས་ཚུལ་ཤེས་རྟོག་བྱུང་བར་གཞིགས་ན། དིང་རི་རྫོང་བྲག་རྩེ་གྲོང་ཚོའི་ཕ་ཚེ་དབང་བསྟན་འཛིན་དང་། མ་ངག་དབང་གཉིས་ཀྱི་བུ་སྟོབས་རྒྱལ་ལགས་འཛིན་རིམ་བདུན་པ་ཙམ་ལས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་ཐོབ་དང་། ད་བར་ལྷ་སའི་ནང་ཨར་ལས་ཀྱི་ལས་ཀ་བྱེད་བཞིན་ཡོད་པའི་སྐབས་འཛིན་བཟུང་དོ་དམ་བྱས་པ་ཞིག་ཡིན་འདུག དེའི་གོང་ཁོང་གི་གཅེན་པོ་ཚེ་དབང་དོན་ལྡན་ལགས་ཀྱང་རྒྱ་མིས་འཛིན་བཟུང་དོ་དམ་དང་འདྲི་རྩད། རྡུང་རྡེག་ཕོག་མྱོང་ཡོད་པ་ཞིག་ཡིན་འདུག
གོང་ཞུས་ན་གཞོན་སྟོབས་རྒྱལ་ལགས་གནད་དོན་གང་གི་ཐོག་འཛིན་བཟུང་དོ་དམ་བྱས་ཡོད་མེད་ད་ལྟའི་ཆར་གསལ་པོ་མེད་ཀྱང་། ཁོང་གིས་བོད་ཀྱི་གནད་དོན་ཐོག་བྲིས་རྩོམ་སྤེལ་བ་དང་། བོད་དོན་དྲིལ་བསྒྲགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་པ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་སྐོར་གླེང་སློང་དང་དོགས་གཞི་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།