གཏོང་ལེན་དགེ་རྩ་ཚོགས་པས་རྒྱ་གར་དབུལ་ཕོངས་ཉམ་ཐག་ཁྲི་གཉིས་ལྷག་ལ་རོགས་རམ་དང་མཐུན་རྐྱེན་སྦྱར་པ་ནི་བོད་མི་ཚོས་རྒྱ་གར་ལ་བཀའ་དྲིན་རྗེས་དྲན་ཆེད་ཡིན་ཞེས་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་གསུངས་པ།

2024.11.19
གཏོང་ལེན་དགེ་རྩ་ཚོགས་པས་རྒྱ་གར་དབུལ་ཕོངས་ཉམ་ཐག་ཁྲི་གཉིས་ལྷག་ལ་རོགས་རམ་དང་མཐུན་རྐྱེན་སྦྱར་པ་ནི་བོད་མི་ཚོས་རྒྱ་གར་ལ་བཀའ་དྲིན་རྗེས་དྲན་ཆེད་ཡིན་ཞེས་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་གསུངས་པ། གཏོང་ལེན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་མཛད་སྒོའི་སྐབས། ༢༠༢༤།༡༡།༡༩ ཉིན།
RFA/ Tenzin Dhonyoe

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་རོགས་མགོན་དབུགས་དབྱུང་གནང་བ་དང་། ལྷག་པར་ཏཱ་ལའི་བླ་མའི་དགེ་རྩ་ནས་དངུལ་དངོས་ཀྱི་མཐུན་རྐྱེན་སྣེ་མང་སྦྱར་ཏེ། དགེ་སློང་བློ་བཟང་འཇམ་དབྱངས་ལགས་ནས་རྒྱ་གར་ཡུལ་མི་དབུལ་ཕོངས་ཉམ་ཐག་ཚོར་རོགས་སྐྱོར་ཆེད་བཙུགས་པ། གཏོང་ལེན་དགེ་རྩ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༢༠འཁོར་བའི་དུས་དྲན་དེ། ཟླ་ ༡༡ པའི་ཚེས་ ༡༩ ཉིན་བཞུགས་སྒར་ཉེ་འཁྲིས་གཏོང་ལེན་སློབ་གྲྭའི་ནང་སྲུང་བརྩི་གནང་ཡོད་ཅིང་།གཏོང་ལེན་དགེ་རྩ་ཚོགས་པ་གསར་འཛུགས་གནང་མཁན་དང་གཏོང་ལེན་གྱི་འགན་འཛིན་དགེ་སློང་བློ་བཟང་འཇམ་དབྱངས་ལགས་ནས།༧གོང་ས་མཆོག་གི་དགེ་རྩ་དང་དབྱིན་ཡུལ་དང་ཧྥ་རན་སིའི་གཏོང་ལེན་དགེ་རྩ་སོགས་ལ་བཀའ་དྲིན་རྗེས་དྲན་ཆེན་པོ་གནང་གི་ཡོད་ཅེས་གསུངས་པ་དང་ཆབས་ཅིག གཏོང་ལེན་དགེ་རྩ་ཚོགས་པས་འདས་པའི་ལོ་ཉི་ཤུའི་རིང་། རྒྱ་གར་ཡུལ་མི་ཉམ་ཐག་དང་དབུལ་ཕོངས་ནད་པ་སོགས་མི་གྲངས་ཉིས་ཁྲི་བརྒལ་བར།ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་རོགས་མགོན་གནང་བ་ནི་བོད་མི་ཚོས་རྒྱ་གར་ལ་བཀའ་དྲིན་རྗེས་དྲན་གནང་བར་བརྩི་ཡི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

Tonglen-20years-p2 (1).jpg
གཏོང་ལེན་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་སྲུང་བརྩིའི་མཛད་སྒོའི་སྐབས། ༢༠༢༤།༡༡།༡༩ ཉིན།

རྒྱ་གར་གྱི་དབུལ་ཕོངས་གྲོང་བརྡལ་གྱི་ཕྲུ་གུ་མང་པོ་ཞིག་ལ་ཟས་གོས་ཀྱི་མཐུན་རྐྱེན་མེད་པར། ནད་མནར་དང་བཀྲེས་སྐོམ་གྱིས་དུས་མིན་རྐྱེན་འདས་སུ་གྱུར་པ་མང་པོ་འབྱུང་གི་ཡོད་པ་མ་ཟད་བྱིས་པ་སློབ་ལོ་རན་པ་ཕལ་ཆེ་བར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་རག་གི་མེད་པ་ཧ་ཅང་མང་པོ་ཞིག་ལ་གཏོང་ལེན་དགེ་རྩའི་རོགས་སྐྱོར་གནང་སྟེ། ད་ཆ་མང་པོ་ཞིག་གློག་ཀླད་བཟོ་སྐྲུན་པ་དང་སྨན་པ། སྨན་ཞབས་དང་ཚོང་པ། འཛིན་སྐྱོང་བ་གསར་འགོད་པ་སོགས་ཐོན་ཡོང་གི་ཡོད་པར་བརྟེན། གཏོང་ལེན་གྱི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཤེ་ཝུ་པིར་ཐབ་ཤིག་ལ་ལགས་ནས།གཏོང་ལེན་དགེ་རྩ་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེན་པོར་ཚོར་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཉེ་ལམ་གཏོང་ལེན་གྱི་སློབ་ཕྲུག་སྨན་གྱི་གཙུག་ལག་རབ་འབྱམས་པ་པཱིང་ཀི་ཧར་ཡན་ལགས་ཀྱི་གནས་ཚུལ་གསར་ལམ་ཁག་ཏུ་མང་པོ་ཐོན་ཡོད་མོད། ཁོང་གནས་ཚད་དེ་བར་དུ་སླེབས་པར་སྐས་ལྡང་མང་པོ་དང་དཀའ་སྡུག་གི་བརྒྱུད་རིམ་མང་པོ་མྱངས་པའི་ཁྲོད།རྒན་འཇམ་དབྱངས་ལགས་ཀྱིས་ཐུགས་ཁུར་དང་དཀའ་ལས་མང་པོ་བརྒྱབས་ཡོད་པ་མ་ཟད། ལམ་ལྷོངས་དེ་ཚོ་ནི་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་བཀའ་དྲིན་ལ་བརྟེན་ནས་ཚོགས་པ་འདི་ཡག་ཐག་ཆགས་ཡོད་པ་འདི་རེད་ཅེས་གསལ་སྟོན་གནང་གི་འདུག

གཏོང་ལེན་དགེ་རྩ་ཚོགས་པས་ཕྲུག་གུ་ཉམ་ཐག་ཧ་ཅང་མང་པོར་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ། འདས་པའི་ལོ་ངོ་ཉི་ཤུའི་རིང་སློབ་ཕྲུག་བརྒྱ་ལྷག་མཐར་ཕྱིན་གྱིས་མི་ཚེ་དོན་ལྡན་དང་སོ་སོའི་མི་ཚེའི་མདུན་ལམ་དང་གོ་སྐབས་གསར་པ་རྙེད་ཡོད་པས།གཏོང་ལེན་ནས་མཐར་ཕྱིན་སློབ་ཕྲུག་ཚོང་ལས་གཉེར་བཞིན་པ་ཀཱ་རིན་ལགས་ནས་དེའི་སྐོར་འགྲེལ་བརྗོད་གནང་དོན། ༢༠༠༤ ལོའི་སྔོན་སོ་སོ་ལ་མི་ཚེའི་ཁ་ཕྱོགས་དང་མདུན་ལམ་གང་ཡང་མེད་པའི་དབུལ་ཕོངས་ཤིག་ཡིན་ནའང་། དགེ་སློང་བློ་བཟང་འཇམ་དབྱངས་ལགས་དང་འཕྲད་ནས་སོ་སོའི་མི་ཚེ་ལ་འགྱུར་ལྡོག་གི་དཀྱོག་མཚམས་ཆེན་པོ་ཞིག་ཏུ་གྱུར་སོང་། དགེ་སློང་མཆོག་ནས་ང་ཚོ་ལ་ཟས་གོས་ཀྱི་མཐུན་རྐྱེན་སྦྱར་ཏེ་བྱམས་སྐྱོང་ཚད་མེད་གནང་བ་དང་། སེམས་ཤུགས་སྤེལ་བ།རོགས་མགོན་གནང་བ་བཅས་ལ་བརྟེན་ནས་ང་རང་ད་ལྟའི་གནས་སྟངས་འདིར་སླེབས་པ་རེད་ཅེས་བཀའ་དྲིན་རྗེས་དྲན་གནང་གི་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྨན་ཞབས་ཀྱི་ལས་དོན་གནང་བཞིན་པ་གཏོང་ལེན་གྱི་སློབ་ཕྲུག་ཟུར་པ་པུ་ནམ་གྷོ་ལེ་ཡམ་ལགས་ནས་ཀྱང་། དགེ་སློང་བློ་བཟང་འཇམ་དབྱངས་ལགས་ནས་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་གྱི་བཀའ་དྲིན་ལ་བརྟེན། མོ་རང་གི་ལས་དོན་འདི་གཉེར་ཐུབ་པའི་སྐོར་འགྲེལ་བརྗོད་གནང་གི་འདུག

༢༠༠༨ ལོ་ནས་བཟུང་གཏོང་ལེན་སློབ་གྲྭའི་ནང་ཞུགས་པ་དང་།སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་གྲུབ་པའི་རྗེས། དགེ་སློང་བློ་བཟང་འཇམ་དབྱངས་ལགས་ནས་སོ་སོའི་ཆེད་ལས་ག་རེ་སྦྱོང་འདོད་ཀྱི་བདམས་ཀ་སྤྲད་པ་བཞིན། སྨན་ཞབས་ཀྱི་སློབ་སྦྱོང་བདམས་ཏེ་སློབ་སྦྱོང་དང་ཉམས་གསོག་བཅས་རིམ་པར་གྲུབ་པ་དང་མཚུངས་རྒྱལ་ས་ལྡི་ལིའི་ནང་ཧྥོ་ཊི་སི་སྨན་ཁང་དུ་སྨན་ཞབས་བྱེད་བཞིན་པ་དང་། རིམ་པས་དབྱིན་ཡུལ་སྨན་ཞབས་ལས་དོན་ཆེད་གནས་སྤོས་བྱ་འཆར་ཡོད་ཅེས་ངོ་སྤྲོད་གནང་གི་འདུག གཏོང་ལེན་སློབ་གྲྭ་དང་དགེ་རྩ་ཚོགས་པས་འདས་པའི་ལོ་ངོ་༢༠རིང་ཉམ་ཐག་མི་འབོར་ཉིས་ཁྲི་སུམ་སྟོང་དང་ལ་རོགས་སྐྱོར་དང་། སློབ་སྦྱོང་ཐོན་པ་བརྒྱ་ལྷག་གིས་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཁར།ད་ཡོད་ལག་ཤེས་སྦྱོང་བརྡར་སོགས་སྤྲོད་བཞིན་པ་དང་སློབ་གྲྭའི་ནང་གི་སློབ་ཕྲུག་༣༠༠ ལྷག་བཅས་བསྡོམས་ན། གཞོན་སྐྱེས་ལྔ་བརྒྱ་བརྒལ་བར་ཤེས་ཡོན་གྱི་མཐུན་རྐྱེན་བསྐྲུན་བཞིན་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎