རིག་གཞུང་འཁྲབ་སྟོན་སོགས་བརྒྱུད་ནས་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་ཁྲོད་སྤེལ་ཐུབ་པའི་ནུས་པ་དང་རེ་བ་ཡོད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ པའི་ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོ་འཚོགས་ཡོད་པ་དང་བསྟུན། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། བོད་ཀྱི་ཟློས་གར་ཚོགས་པས་ད་བར་བོད་ཀྱི་རིག་གཞུང་གཅེས་འཛིན་ཐད་སྐུ་ལས་ཚད་མེད་བསྐྱོན་ཡོད་པས་མ་འོངས་པར་ཡང་མུ་མཐུད་འགན་ཆེ་བཞེས་གནང་དགོས་པ་དང་། རིག་གཞུང་དང་འཁྲབ་སྟོན་སོགས་བརྒྱུད་ནས་བོད་ཀྱི་རྩ་དོན་འཛམ་གླིང་ཡོངས་ལ་སྤེལ་ཐུབ་པའི་ནུས་པ་དང་རེ་བ་ཡོད་ཅེས་གསུངས་སོང་།
ལོ་ལྟར་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་སྟོན་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པའི་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་བོད་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་གི་ཡོད་པ་ལྟར། ཐེངས་འདིའི་བོད་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་ཁྲོད་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་བཞིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་སོ་སོའི་རུ་དཔོན་གཉིས་ལ་ཐེངས་འདིའི་འཁྲབ་སྟོན་དང་འབྲལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་རྣམ་པས། དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་ཆེད་མི་སྒེར་རེ་རེ་ནས་རང་ནུས་ཡོད་ཚད་ཀྱིས་དཀའ་ལས་ཧུར་ཐག་བསྐྱོན་ཡོད་པ་མ་ཟད། ཐེངས་འདིའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་ནང་འཁྲབ་གཞས་མང་དག་ཅིག་ནི་མདོ་སྟོད་དང་མདོ་སྨད་ཆོས་ཁའི་གླུ་གར་ལ་དམིགས་ནས་འཁྲབ་སྟོན་བྱས་ཡོད་པ་གསུངས་བྱུང་། བོད་ཀྱི་ཟློས་གར་ཚོགས་པའི་རྐང་བྲོ་གླུ་གཞས་འགྲན་བསྡུར་ཁྲོད། ཕྱི་ལོ་༢༠༢༡ དང་ ༢༠༢༢ དང་ ༢༠༢༣ བཅས་ལོ་གསུམ་བསྟུད་མར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཐེངས་འདིར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་ནི་ལོ་བཞི་བསྟུད་མར་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་པ་རེད།
རྩ་བའི་བཙན་བྱོལ་བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགོངས་ལྟར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཕྱི་ལོ་ ༡༩༥༩ ཟླ་བ་ ༨ ཚེས་ ༡༡ ཉིན་ཀ་ལིམ་པོང་དུ་ཐོག་མར་གསར་འཛུགས་མཛད་གནང་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།