བོད་གཞུང་ཟློས་གར་ཚོགས་པ་ནས་བོད་ཀྱི་ཞོ་སྟོན་ཐེངས་༡༥པ།

བོད་གཞུང་ཟློས་གར་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་དྲན་དང་སྟབས་བསྟུན་ཞོ་སྟོན་ཐེངས་༡༥པ་དེ་དེ་རིང་ནས་དབུ་འཛུགས་གནང་བ།

༄༅༎བོད་གཞུང་ཟློས་གར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཞོ་སྟོན་ཐེངས་༡༥པ་དེ་དེ་རིང་ནས་དབུ་འཛུགས་གནང་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དགོངས་དོན་ལྟར། བོད་ཀྱི་གནའ་བོའི་རྩ་ཆེའི་ལྷ་མོའི་རིག་གཞུང་ལ་བོད་མི་གཞོན་སྐྱེས་ཚོས་དོ་སྣང་དང་དབྱིངས་སླེབས་རྒྱུའི་ཆེད་དུ་བོད་གཞུང་ཟློས་གར་ཚོགས་པས་བོད་ཀྱི་ཞོ་སྟོན་ཐེངས་༡༥པ་དེ་གོ་སྒྲིག་གནང་ཡོད་ཅིང༌། དེ་རིང་ནས་བཟུང་ཕྱི་ཟླ་༤ཚེས་༦བར་ཞོ་སྟོན་རྒྱས་པ་ཞིག་སྲུང་བརྩི་གནང་རྒྱུ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་བཞག།

ཞོ་སྟོན་གྱི་ཉིན་དང་པོར་ལྷ་གཞུང་འཁྲབ་སྟོན་དབུ་འབྱེད་དེ་བཞིན་སྔ་དྲོ་ཕྱག་ཚོད་༩པའི་ཐོག་བཀའ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་གནང་བ་དང༌། བོད་གཞུང་ཟློས་སྒར་གྱི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐོག་མར་རྒྱལ་བ་ཀརྨ་པ་མཆོག་ལ་མཎྜལ་རྟེན་གསུམ་བསྟར་འབུལ་ཞུས་རྗེས། བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རའི་ནང་དུ་གདན་འདྲེན་ཞུས་གནང་བ་དང༌། དེ་ནས་ཟློས་གར་སྤྱི་ཁྱབ་འགན་འཛིན་གྱིས་ དུས་སྟོན་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྙན་སེང་ཞུས་གནང་འདུག།

ཐེངས་འདིའི་ཞོ་སྟོན་གྱི་ལྷ་གཞུང་འཁྲབ་སྟོན་གནང་མཁན་ཁོངས་སུ་བོད་གཞུང་ཟློས་གར་ཚོགས་པས་དབུས་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང༌། ཀ་ལེམ་སྦུག་ལྷ་མོའི་ཚོགས་པ། མན་སྤར་ལྷ་མོའི་ཚོགས་པ། སྦན་རྡ་ར་ལྷོ་མོའི་ཚོགས་པ། མོན་གོཏ་འདོད་དགུ་གླིང་ལྷ་མོའི་ཚོགས་པ། ཨོ་རི་ས་ལྷ་མོའི་ཚོགས་པ་བཅས་ཡོད་པ་རེད། འཁྲབ་སྟོན་གྱི་ཉིན་དང་པོ་དང་མཐའ་མ་གཉིས་ བོད་གཞུང་ཟློས་གར་དུ་འཁྲབ་སྟོན་གནང་རྒྱུ་དང༌། དེ་མིན་རྡ་སའི་ཉེ་འཁོར་དུ་བོད་པའི་སློབ་གྲྭ་ཁག་ཡོད་སར་ཕེབས་ཏེ་མཛད་རིམ་གཞིར་བཟུང་རིན་མེད་ཐོག་ལྷ་མོའི་གཞུང་མི་འདྲ་བ་འཁྲབ་སྟོན་གནང་རྒྱུ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org