ཨ་མི་རི་ཀའི་ནང་རྒྱ་ནག་གི་མཉེན་ཆས་གཉིས་བེད་སྤྱོད་བཀག་འགོག་གི་བཀའ་རྩ་གསལ་བསྒྲགས།
2020.08.07
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་གིས་རེས་གཟའ་ཕུར་བུའི་ཉིན་བཀའ་རྒྱ་གསལ་བསྒྲགས་ཤིག་བརྒྱུད། གལ་ཏེ་རྒྱ་ནག་གིས་དབང་བའི་མང་ཚོགས་ཀྱིས་ཁ་པར་སོགས་ཀྱི་ནང་གཞི་རྒྱ་ཆེན་པོར་བེད་སྤྱོད་བྱེད་པའི་ Tiktok དང་། Wechat གི་མཉེན་ཆས་གཉིས་ཨ་མི་རི་ཀའི་ཚོང་ལས་ཚན་པར་སྤུས་འཚོང་མ་བྱེད་ཚེ་ཨ་རིའི་ནང་བེད་སྤྱོད་མི་ཆོག་པར་དམ་དྲག་བྱེད་རྒྱུའི་བཀའ་རྩ་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་མཆོག་གིས་བཀའ་རྒྱ་གསལ་བསྒྲགས་ཀྱི་ནང་རྒྱ་མིར་དབང་བའི་མཉེན་ཆས་དེ་གཉིས་ཀྱིས་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ཕྱི་འབྲེལ་གྱི་སྲིད་བྱུས། དཔལ་འབྱོར་བཅས་པར་ཉེན་ཚབས་བཟོ་ཡི་ཡོད་པ་གསུངས་ཡོད་པ་རེད། རྒྱ་ནག་གི་ ByteDance ཞེས་པའི་བཟོ་ལས་ཚན་པར་དབང་བའི་Tiktok གི་མཉེན་ཆས་དེ་ནི་འཛམ་གླིང་ནང་གཞོན་སྐྱེས་ཚོའི་ཁྲོད་དུ་དགའ་མོས་ཆེན་པོས་བེད་སྤྱོད་བྱེད་ཀྱི་ཡོད་པ་ལྟར། ཨ་མི་རི་ཀའི་ནང་དུའང་གཞོན་སྐྱེས་ཚོའི་ཁྲོད་བེད་སྤྱོད་བྱེད་མཁན་གཞི་རྒྱ་ཆེན་པོ་ཡིན་པ་དང་། ཕྱོགས་མཚུངས་མང་ཚོགས་ཁྲོད་སྤྱི་ཚོགས་བརྡ་འཕྲིན་ཆེད་དུ་བདེ་སྤྱོད་བྱེད་པའི་རྒྱ་ནག་ནང་ Weixin དང་། ཕྱི་ཕྱོགས་སུ་ WeChat ཞེས་པའི་རྒྱ་ནག་ལ་དབང་བའི་མཉེན་ཆས་དེ་གཉིས་བེད་སྤྱོད་བྱེད་སྐབས་སྒེར་གྱི་གནས་ཚུལ་མང་དག་ཞིག་བསྡུ་ལེན་གྱིས་རྒྱ་ནག་གཞུང་གིས་ཁོང་ཚོའི་བདེ་འཇགས་ཐོག་བསུན་བཙེར་བཟོ་བ་དང་འཇིགས་བསྐུལ་བྱེད་པ་སོགས་ལ་བེད་སྤྱོད་བྱེད་ཀྱི་ཡོད་པ་བརྗོད་བཞིན་ཡོད་པ་རེད། སྐད་འཕྲིན་ནམ་ WeChat ནི་སྒེར་གྱི་འབྲེལ་འཐུད་དང་། ཚོང་ལས་སྤེལ་ཡུལ། དངུལ་སྤྲོད་འཇལ་སོགས་ལ་བེད་སྤྱོད་བྱེད་མཁན་གཞི་རྒྱ་ཆེན་པོ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་གཞུང་དང་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་ཁྲོད་དུ་རྒྱ་ནག་ལ་དབང་བའི་མཉེན་ཆས་ཀྱིས་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ཁག་ཅིག་ལ་བཀག་སྡོམ་དང་། ཡང་གནས་ཚུལ་བདེན་པ་མིན་པ་མང་པོ་ཞིག་དྲིལ་བསྒྲགས་ཁྱབ་སྤེལ་བཅས་ལ་བེད་སྤྱོད་དང་། ཡང་མཉེན་ཆས་བེད་སྤྱོད་གཏོང་མཁན་བུ་ཕྲུག་བཅས་ཀྱི་སྒེར་གྱི་གནས་ཚུལ་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་བཅས་ཀྱི་བློ་དོགས་ཤུགས་ཆེ་གསལ་སྟོན་གནང་གི་ཡོད་པ་རེད། མཉེན་ཆས་དེ་གཉིས་ཀྱིས་གཙོས་པའི་རྒྱ་ནག་ལ་དབང་བའི་མཉེན་ཆས་མང་པོ་ཞིག་ཉེ་བའི་འཆར་རྒྱ་གར་གཞུང་གིས་ཀྱང་རྒྱ་གར་གྱི་སྲུང་སྐྱོབ་ལ་ཉེན་ཚབས་འགྱུར་སྲིད་པའི་བློ་དོགས་གསལ་འདོན་དང་སྦྲགས་རྒྱ་གར་ནང་བེད་སྤྱོད་མི་ཆོག་པར་བཀའ་སྡོམ་བྱས་ཡོད་པ་རེད། ཨ་མི་རི་ཀའི་ Berkeley Center for Long Term Cybersecurity སྟེ་དྲ་རྒྱའི་སྲུང་སྐྱོབ་ཀྱི་ལས་དོན་ཚན་པའི་འགན་འཛིན་ Steven Weber མཆོག་གིས་ Ap གསར་ལས་ཁང་ལ། གཞུང་གིས་མཉེན་ཆས་བཀག་སྡོམ་གཞི་རྒྱ་ཆེ་ལ་མགྱོགས་པོ་གནང་སྟངས་ཀྱི་འཕྲུལ་ལས་ཀྱི་གྲང་དམག་དེར་བལྟས་པ་ཡིན་ན། ཏན་ཏན་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྲིད་ཀྱི་རེད་ཅེས་དགོངས་ཚུལ་གསུངས་འདུག
Tiktok མཉེན་ཆས་ཀྱི་བདག་པོ་ ByteDance ཁེ་གཉེར་ལས་ཁང་གིས་ཕྱི་ཟླ་ ༨ ཚེས་ ༧ ཉིན་ཨ་རིའི་ཁྲིམས་ཁང་བརྒྱུད་ཨ་རིའི་གཞུང་གིས་མཉེན་ཆས་དེ་བེད་སྤྱོད་བཀག་སྡོམ་བྱ་རྒྱུའི་ལས་འཆར་འདི་ཚོང་ལས་དྲང་བདེན་མིན་པའི་ཞུ་གཏུགས་བྱས་འདུག