རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལ་རོགས་པ་བྱེད་བཞིན་པ་གསལ་བོ་རེད་ཅེས། གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག

2024.08.12
རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལ་རོགས་པ་བྱེད་བཞིན་པ་གསལ་བོ་རེད་ཅེས། གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག
སྒྲིག་བཟོ། /RFA

* གནས་ཚུལ་ཁ་སྣོན།
རུཌ་གར་སློབ་ཆེན་གྱི་དྲ་རྒྱའི་འགོད་ཁྱབ་ཞིབ་འཇུག་ཁང་ཞེས་ (Rutgers University-based Network Contagion Research Institute) ནས་ཉེ་ལམ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་མཉེན་ཆས་ཊིག་ཊོག་ (TikTok) བརྒྱུད་བོད་དང་ཐེ་ལྦན། ཤིན་ཅང་དང་ཏེ་ནེ་མིན་(tianneman )ཀྱི་སྐོར་ལ་ལོག་འགྲེལ་དང་། རྒྱ་ནག་ལ་སྐྱོན་བརྗོད་བྱེད་པའི་བྱེད་ཀྱི་ཡོད་སྐོར་མངོན་གསལ་བྱས་ཡོད་འདུག མ་ཟད་སྙན་ཐོ་དེའི་ནང་། ཊིག་ཊོག་ནི་སྤྱི་ཚོགས་དྲ་ལམ་ཐོག་གི་མཉེན་ཆས་གཞན་དང་བསྡུར་ན། རྒྱ་ནག་ལ་ཕྱོགས་གཏོགས་དང་དགའ་བའི་ནང་དོན་ནི་རྒྱ་ནག་ལ་རྒོལ་བའི་ནང་དོན་དང་བསྡུར་ན་ཧ་ཅང་མང་ཞིང་། ཊིག་ཊོག་ཐོག་རྒྱ་ནག་ལ་དགའ་བའི་ནང་དོན་ནི་ཁྱོན་བརྒྱ་ཆ་ ༦༣ ནས་ ༩༣ བར་ཡོད་གསལ་སྟོན་བྱས་ཡོད་པ་རེད།

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་སྤྱི་དང་ཁྱད་པར་ཊིག་ཊོག་སོགས་གཞོན་སྐྱེས་ཚོས་བེད་སྤྱོད་ཧ་ཅང་ཤུགས་གནང་བཞིན་པའི་མཉེན་ཆས་ཁག་ནང་། བོད་ཡིག་དང་བོད་སྐད་བེད་སྤྱོད་ལ་བཀག་འགོག་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ།དྲ་རྒྱའི་བདེ་འཇགས་ཐད་ཉམས་ཞིབ་པ་དང་ཚོགས་སྡེ་ཁག་གི་སྙན་ཐོའི་ནང་འཁོད་ཡོད་ཅིང་། ཕྱོགས་མཚུངས་དེང་སང་ Kuaishou སོགས་སྤྱི་ཚོགས་བརྒྱུད་ལམ་གཞན་མང་དག་ཅིག་ཏུའང་བོད་ཡིག་གསལ་དག་ཅིག་འབྲི་མི་ཐུབ་པ་དང་། གལ་ཏེ་ཨུ་ཚུགས་ཀྱིས་བྲིས་ན་དྲ་ལམ་བེད་མེད་དུ་འགྱུར་བ་སོགས་ཡོང་གི་ཡོད་པས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་ TikTok སོགས་ཀྱིས་བོད་ཡིག་བོད་སྐད་དམ་དྲག་བྱས་པ་ནི་རྒྱ་ནག་གཞུང་གིས་བོད་ཡིག་བོད་སྐད་རྩ་མེད་བཟོ་བའི་སྲིད་ཇུས་དང་བསྟུན་ནས་དེ་ལ་རོགས་པ་བྱེད་བཞིན་པ་གསལ་བོ་ཡིན་པ་དང་། ཁོ་ཚོ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བཀའ་ཅི་བཏང་སྒྲུབ་ཀྱི་ཡོད་པར་ཐེ་ཚོམ་བྱ་མི་དགོས་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

དྲྭ་རྒྱའི་བདེ་འཇགས་ཐད་ཆེད་ལས་ཉམས་ཞིབ་པ་དང་བོད་མི་མང་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གི་མཉེན་ཆས་ཊིག་ཊོག་(TikTok)་དང་འཁྱུག་དབྱངས་(Douying 抖音)་གཉིས་ཀྱི་ཁྱད་པར་དེ་ཤེས་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་མཉེན་ཆས་དེ་གཉིས་གཅིག་པ་ཡིན་ན་ཡང་། ཊིག་ཊོག་(TikTok)་མཉེན་ཆས་དེ་རྒྱལ་སྤྱིའི་ནང་བེད་སྤྱོད་བྱེད་བཞིན་པའི་མཉེན་ཆས་ཞིག་ཡིན་པ་དང་། བོད་དང་རྒྱ་ནག་ནང་བེད་སྤྱོད་བྱེད་བཞིན་པ་ནི་འཁྱུག་དབྱངས་(Douying 抖音)་ཡིན། རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་མང་པོ་ཞིག་བོད་དང་རྒྱ་ནག་གི་ཕྱི་ལོགས་སུ་བེད་སྤྱོད་འོས་བའི་མཉེན་ཆས་དང་བོད་དང་རྒྱ་ནག་གི་ནང་ལོགས་ནས་བེད་སྤྱོད་གཏོང་འོས་བའི་མཉེན་ཆས་ལོགས་སུ་དབྱེ་ཡོད། དེ་བས་ཊིག་ཊོག་(TikTok)་གིས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་དང་མཐུན་པའི་ནང་དོན་ཁག་ཤུགས་ཆེ་རུ་གཏོང་བ་དང་རྒྱ་ནག་གཞུང་དང་མི་མཐུན་པའི་ནང་དོན་ཁག་ཁྱབ་ཤུགས་ཆུང་དུ་གཏོང་བཞིན་པ་སོགས་ཀྱི་སྙན་ཐོ་ཐོན་ཡོད་ལ། འཁྱུག་དབྱངས་(Douying 抖音)་ཀྱིས་བོད་དང་རྒྱ་ནག་ནང་བེད་སྤྱོད་གཏོང་སྐབས་ཆབ་སྲིད་དང་འབྲེལ་བའི་ནང་དོན་ཁག་ལ་བཀག་འགོག་ཡོད་པ་མ་ཟད། ཐ་ན་བོད་མི་ཚོས་བོད་ཀྱི་སྐད་དང་ཡིག་གེ་སྤྱོད་པར་སྟངས་འཛིན་བྱེད་བཞིན་པ་སོགས་འགྲེལ་བརྗོད་གནང་བྱུང་། གཞན་ཁོང་གིས་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་སྤྱི་ལོ་༢༠༡༦ལོར་ཉམས་ཞིབ་ཀྱི་སྐབས།རྒྱ་ནག་གི་དྲ་ལམ་དུ་བརྙན་པར་སྤྱིར་བཏང་བ་ཞིག་བཞག་སྟེ་འགྲེལ་བཤད་བོད་ཡིག་དང་རྒྱ་ཡིག།དབྱིན་ཇི་གསུམ་གྱི་ནང་རེ་རེ་བྲིས་ཏེ་སོ་སོར་དྲ་ཐོག་ཏུ་སྤེལ་ན།བོད་ཡིག་ལ་དམ་དྲག་ཆེན་པོ་དང་དབྱིན་ཇིའི་ལ་འབྲིང་ཙམ།རྒྱ་ཡིག་ལ་ལྷོད་པོ་བཅས་ཁྱད་པར་ཆེན་པོ་ཐོན་ཡོད་པས།ད་ལྟ་བོད་སྐད་ལ་དམ་དྲག་ཇེ་ཆེར་འགྲོ་བཞིན་པ་ནི།རྒྱ་ནག་དབུས་གཞུང་གིས་དྲ་རྒྱ་དོ་དམ་གྱི་ཁྲིམས་བཟོས་པ་དང་སྤྱི་ཚོགས་དྲ་ལམ་གྱི་བཟོ་ཚོང་ཁང་ཁག་གིས་ཀྱང་དམ་དྲག་ཡོང་གི་ཡོད་པར་མཐོང་གི་ཡོད་པ་དང་།རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་དུ་བོད་ཡིག་བོད་སྐད་དམ་དྲག་བྱས་པ་ནི། རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ནས། རྒྱ་ནག་གཞུང་གིས་སྤྱི་ཚོགས་ནང་དམག་འཁྲུག་མི་འདྲ་བ་གསུམ་བརྒྱབ་དགོས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ནི། མི་མང་གི་བསམ་བློ་བསྒྱུར་བཀོད་དང་སེམས་ཁམས་སྟངས་འཛིན་གྱི་དམག་འཁྲུག ཁྲིམས་སྣ་ཚོགས་ལག་བསྟར་གྱི་དམག་འཁྲུག་བཅས་ཡིན་པ་ལས།ཉེན་ཁ་ཆེ་ཤོས་ནི་མི་མང་གི་བསམ་བློ་བསྒྱུར་བཀོད་ཀྱི་དམག་འཁྲུག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཊིག་ཊོག་མཉེན་ཆས་མ་ལག་འདྲ་མིན་སོ་སོའི་ལག་ཆ་ཁོ་ན་ལ་བེད་སྤྱོད་ཀྱིས།རྒྱལ་ཁབ་གཞན་གྱི་མི་མང་སྤྱི་དང་ཁྱད་པར་གཞོན་སྐྱེས་ཀྱི་བསམ་ཚུལ་རྒྱ་ནག་གི་ཕྱོགས་སུ་བསྒྱུར་ཐབས་ཀྱི་ཤུགས་རྐྱེན་སྤེལ་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཊིག་ཊོག་སོགས་སྤྱི་ཚོགས་དྲ་ལམ་གྱི་མཉེན་ཆས་ཁག་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་ཆ་ཚང་བྱས་ཏེ།འཛམ་གླིང་ཡོངས་ལ་ཤུགས་རྐྱེན་སྤེལ་བ་དང་མི་མང་གི་བསམ་ཚུལ་བསྒྱུར་ཐབས་ཀྱི་ལས་དོན་རྒྱལ་ཁབ་མང་པོའི་ནང་བྱས་བསྡད་ཡོད་པ་དང་།དམིགས་བསལ་ཨ་མི་རི་ཀ་དང་ཨི་ཟི་རལ།རྒྱ་གར་བཅས་བདམས་ནས་རྒྱལ་ཁབ་དེ་ཚོའི་གཞོན་སྐྱེས་ཀྱི་སེམས་ནང་རྒྱ་ནག་དམར་ཤོག་ཚོགས་པ་ནི།མང་གཙོའི་རྒྱལ་ཁབ་ཁག་དང་བསྡུར་ན་ཡག་པོ་ཡོད་པའི་བག་ཆགས་འཇོག་ཐབས་དང་།རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ནི་ལས་ཀ་ཧུར་པོ་ཙམ་མིན་པར་ཁོ་ཚོའི་ལས་དོན་གྱི་ཐབས་ཇུས་མཁས་པ་ལ་བརྟེན་ནས་ཡིན་པ་སོགས་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་གནང་གི་འདུག་ཅིང་།

སྤྱི་ལོ་ ༢༠༢༣ ལོ་ནས་བཟུང་རྒྱ་གར་ནང་སྲིད་ལས་ཁུངས་ནས་བཀའ་རྒྱ་བཏང་སྟེ། རྒྱ་ནག་གི་མཉེན་ཆས་རིགས་ ༢༣༢ ལྷག་རྒྱ་གར་ནང་བཀག་སྡོམ་གནང་ཡོད་པ་དང་། ཨ་མི་རི་ཀའི་ནང་དུའང་སྤྱི་ལོ་ ༢༠༢༣ ལོ་ནས་མངའ་སྡེ་ ༣༤ ནང་། གཞུང་གི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པ། ཆོད་གན་ལས་བྱེད་པ་རྣམས་ཀྱིས་ཊིག་ཊོག་བེད་སྤྱོད་བཏང་མི་ཆོག་པ་བཟོས་ཡོད་པ་མ་ཟད། འདི་ལོར་ཨ་མི་རི་ཀའི་གྲོས་ཚོགས་ནས་ཀྱང་ཁྲིམས་འཆར་ཞིག་བཏོན་ཏེ། ཨ་རིའི་གཞུང་གིས་ཆོག་མཆན་ཐོབ་པའི་བཟོ་ཚོང་ཁང་ཞིག་ཏུ་ཊིག་ཊོག་ TikTok མཉེན་ཆས་ཚོང་བསྒྱུར་བྱས་ན་མ་གཏོགས་མཉེན་ཆས་དེ་ཨ་མི་རི་ཀའི་ནང་བཀག་སྡོམ་གནང་སྲིད་པའི་ཉན་ཞིབ་སོགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། དབྱངས་སྒྲོན།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎