ཀྲུང་གོའི་བོད་རིག་པའི་ཚོགས་འདུའི་སར་“བོད་ནང་གི་དངོས་ཡོད་གནས་སྟངས་”གླེང་མི་འདུག་གསུངས་པ།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་མཐོ་རིམ་གླེང་སྟེགས་ཟེར་བ་ཞིག་འཚོགས་པ།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་པའི་ཐོག   བོད་ནང་གི་དངོས་ཡོད་གནས་སྟངས་ཐད་སྐད་ཆ་བཤད་མི་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉེ་ལམ་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ་ཏེ། ཕྱི་ཟླ་ ༡༡ ཚེས་ ༢༡ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གོ་སྒྲིག་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་མཐོ་རིམ་གླེང་སྟེགས་ཟེར་བ་ཞིག་འཚོགས་ནས། རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་གུང་ཁྲན་ཏང་གི་སྲིད་ཇུས་སྤྱི་དང་ལྷག་པར་ཞི་ཅིན་ཕིང་གིས་མགོ་ཁྲིད་དེ་བོད་ནང་ཕྱོགས་གང་ཐད་ནས་ཡར་རྒྱས་ཕན་ཐོགས་བྱུང་ཚུལ་དྲིལ་བསྒྲགས་བྱས་པ་དང་། དེབ་ཀྱི་ནང་དོན་འགྲེལ་བརྗོད་བྱས་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་ཅི་བཤད་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་བོད་ནང་མཁྲེགས་འཛིན་གྱི་སྲིད་ཇུས་སྔར་མུས་བཞིན་འགྱུར་བ་བཏང་མེད་པ་དང་། ཚོགས་འདུའི་སར་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་སྐད་ཆ་བཤད་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།

རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྣེ་ཁྲིད་འོག་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས། མི་རིགས། ཆོས་ལུགས། བདེ་འཇགས། འབྱུང་ཁམས། ཁྲིམས་སྐྱོང་སོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཕྱོགས་བསྡོམས་བྱས་ལུགས་དང་། བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་མུ་མཐུད་རྩོམ་བཞིན་པ་སོགས་བྲིས་པའི་སྐོར། རྒྱབ་ཤ་དཀར་པོའི་དེབ་ཀྱི་གླེང་སྟེགས་དེར་ཤུགས་ཆེར་བཤད་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་དང་ལྷག་དོན་རྒྱ་ནག་གིས་བོད་སྡེ་རྒྱ་སྡེ་ལ་བསྒྱུར་བའི་སྲིད་ཇུས་འདྲ་མིན་འོག་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པས། ཚོགས་འདུ་དེ་ནི་རྒྱ་ནག་གཞུང་གིས་འཁྱོག་གཏམ་གྱི་ལེ་ཚན་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

ཞིབ་འཇུག་པ་དང་རྩོམ་སྒྲིག་པ་ཕལ་མོ་ཆེ་བོད་རིགས་ལས་གྲུབ་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གིས་གོ་སྒྲིག་གི་གླེང་སྟེགས་དེར། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་དང་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་། སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་བཅས་ནས། ཆེད་ལས་མཁས་པ་དང་ཞིབ་འཇུག་མི་སྣ་ ༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་གསེས་ཚན་པ་དྲུག་ཏུ་ཕྱེས་པའི་ཆོས་ལུགས་ཀྱི་གྲུབ་འབྲས་ཟེར་བའི་ནང་། དངོས་སུ་མཚན་འབོད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངེས་པར་དུ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གི་ས་ཁུལ་དུ་ངོས་འཛིན་བྱ་དགོས་པ་དང་། རྒྱ་ནག་གཞུང་གིས་ཁ་བྲལ་དང་རྙོག་ཟིང་བཟོ་མཁན་ཁག་ལ་ཐག་ཉེ་ས་ནས་ལྟ་རྟོག་དང་དོ་ནན་བྱེད་བཞིན་པའི་སྐོར། དེ་བཞིན་མཇུག་བསྡོམས་ནང་བོད་དུ་མུ་མཐུད་བརྟན་བརླིང་ཡོང་ཆེད། མི་རིགས་མཐུན་སྒྲིལ་དང་རྒྱ་ནག་གཅིག་གི་འདུ་ཤེས་གོང་སྤེལ། དམར་ཤོག་ཚོགས་པའི་སྲིད་བྱུས་ཁག་ཕུགས་རྒྱང་རིང་བོ་དང་ཆ་ཚང་བའི་ངང་ལག་བསྟར་བྱ་རྒྱུ་ཡིན་སྐོར་སོགས་བྲིས་ཡོད་པ་རེད།།

 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ་དང་དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org