རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གླེང་རྒྱུའི་འབོད་སྐུལ།
2015.11.25

ཁེ་ན་ཊ་གཞུང་ལ་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་བ།
དེ་ཡང་ཉིན་ཤས་གོང་Canada Tibetan Committeeཞེས་ཁེ་བོད་མཐུན་ཚོགས་ནས། ཁེ་ན་ཊའི་གཞུང་གི་ཁོར་ཡུག་བློན་ཆེན་ལྕམ་Catherine Mckennaམཆོག་གི་མཚན་ཐོག་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་། རིང་མིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་བསྐོངས་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས་སུ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཡང་གླེང་སློང་གནང་དགོས་ལུགས་ཞུས་འདུག
གོང་ཞུས་ཚོགས་པའི་སྤྱི་ཁྱབ་འགན་འཛིན་Carole Samdupལགས་ཀྱིས། རྩ་བའི་བོད་ནང་གི་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དེའི་ལེ་ཁག་ཆ་ཚང་རྒྱ་ནག་གཞུང་ལ་འགེལ་རྒྱུ་མེད་ཀྱང་། གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དགོས་ངེས་ཅན་གྱི་སྲིད་བྱུས་དང་འགན་འཁྱེར་དགོས་ཀྱི་ཡོད་རེད། དཔེར་ན། ལུགས་དང་མ་མཐུན་པའི་གཏེར་ཁ་སྔོག་འདོན་བྱེད་པ་དང་། འབྲོག་པ་རྣམས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ས་རྩྭ་ཁ་ཡོད་པའི་ས་ཁུལ་ཁག་ནས་གཞིས་སྤོས་བྱེད་བཅུག་པ། ཆུ་མཛོད་རྒྱབ་ནས་ཆུ་བོའི་རྒྱུགས་ཕྱོགས་ཁ་ལོ་འགྱུར་བ་སོགས་ཀྱིས་རང་བཞིན་གྱི་ཁོར་ཡུག་དང་། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ལ་དོ་ཕོག་འགྲོ་གི་ཡོད་པ་དེ་དག་གི་ཐོག་སྟངས་འཛིན་ནན་པོ་ཞིག་རྒྱ་ནག་གཞུང་གིས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་གནད་འགག་རྣམས་བཀོད་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཚོགས་པའི་ཞུ་སྙན་ནང་། བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་དང་། དེ་བཞིན་བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་བྱེད་རྒྱུའི་ཆོག་མཆན་སྤྲོད་དགོས་པ་སོགས་ཀྱི་གནད་དོན་ཐོག་ལའང་རྒྱ་ནག་གཞུང་དང་གླེང་སློང་གནང་དགོས་པའི་སྐོར་ཞུས་ཡོད་འདུག
ད་དུང་པེ་རི་སིའི་ནང་བསྐོང་ཚོགས་གནང་རྒྱུའི་ལྷན་ཚོགས་སྐབས་སུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འགུལ་སྤེལ་བཞིན་ཡོད་པ་དེའི་ཐོག་ལའང་འབྲེལ་ཡོད་དང་ལྷན་དུ་ཁེ་ན་དྲའི་གཞུང་ནས་འབྲེལ་ལམ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད། ད་ལྟའི་ཁེ་ན་ཊའི་གཞུང་འཛིན་གསར་པའི་ཁོར་ཡུག་བློན་ཆེན་དུ་བསྐོ་འདེམས་བྱུང་བའི་ལྕམ་Catherine Mckennaམཆོག་ནི་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་ཚོགས་དྲང་བདེན་གྱི་གནད་དོན་ཐོག་ཁྲིམས་རྩོད་པ་ཞིག་ཡིན་འདུག
གསར་འགོད་རིག་འཛིན་ཆོས་སྒྲོན།