ཆོས་ལུགས་རིས་མེད་ཚོཌ་འདུར་བོད་པའི་སྐུ་ཚབ་མཉམ་ཞུགས།
2011.10.05
༄༅༎ཕྱི་ཚེས་༣ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་དང་སྟབས་བསྟུན་འཛམ་གླིང་གི་ཆོས་ལུགས་དང་རིག་གཞུང་འདྲ་མིན་གྱི་སྐུ་ཚབ་འཐུས་མི་ལྷན་འཛོམས་ཐོག་ བོད་པའི་སྐུ་ཚབ་མཉམ་ཞུགས་གནང་འདུག།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་ཁྱབ་ཁོངས་ ཁ་ཛ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཏི་ལི་ཨུ་སྦེར་རྡི་དང༌། རི་ཀོན་དགོན་པའི་མཁན་པོ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས། འཛམ་གླིང་ཡེ་ཤུའི་ལྷ་ཁང་མཐུན་ཚོགས་ཀྱི་ཆོས་ལུགས་ནང་ཁུལ་གྲོས་མོལ་དང་མཐུན་སྒྲིལ་ལས་རིམ་གྱི་གཙོ་འཛིན་ལྕམ་ཀེ་ལེར་ཨེ་མོསི་བཅས་མཉམ་ཞུགས་གནང་ཡོད་པ་རེད།
སྐབས་དེར་རྒྱལ་སྤྱིའི་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཆའལ་སེ་གེ་རེལྦ་སི་ཡིས་ལྷན་ཚོགས་དེ་གཙོ་སྐྱོང་གནང་བའི་ཐོག་མར་རྒྱ་གར་གྱི་རང་བཙན་འཐབ་རྩོད་གནང་མཁན་མེས་པོ་དམ་པ་གན་དྷི་མཆོག་གི་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ་གནང་ཡོད་པ་དང༌།
དེ་རྗེས་ཁ་ཛ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོས་ ཁ་ཛ་ཁིསི་ཐན་གཞུང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཆོས་ལུགས་དང་རིག་གཞུང་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་མུས་ཡིན་པའི་གསུང་བཤད་གནང་བ་དང༌། ལྕམ་ཀེ་ལེར་ཨེ་མོ་སེ་ཡིས་དཀྱིལ་ཤར་ཡུལ་གྲུའི་ནང་ཡོད་པའི་ཇེ་རུ་ཛི་ལེམ་ནང་ཁོང་གི་ལོ་ངོ་ཉི་ཤུའི་ཉམ་མྱོང་དང་འབྲེལ་བའི་གསུང་བཤད་གནང་འདུག།
དེ་བཞིན་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་རི་ཀོན་དགོན་གྱི་མཁན་པོ་དགེ་བཤེས་ཀྱིས་ཞི་བའི་རྣམ་གཞག་སྐོར་གསུང་བཤད་གནང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་རྒྱ་དབར་གྱི་དཀའ་རྙོག་སེལ་ཐབས་དེ་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མེས་པོ་དམ་པ་གན་དྷི་མཆོག་ལྟར་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་མཛད་བཞིན་ཡོད་སྐོར་གསུངས་ཏེ། ཁོང་གིས་ཚོགས་བཅར་བ་ཡོངས་ལ་འཛམ་གླིང་ཞི་བདེར་འཁོད་ཐབས་དང་དབུལ་ཕོངས་མེད་པ་བཟོ་རྒྱུའི་འབད་བརྩོན་གནང་རྒྱུའི་སྐུལ་མ་ཡང་ཞུས་གནང་འདུག།