ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཤུལ་བཞག་ཟླ་བའི་གཞུང་འབྲེལ་མཛད་སྒོར་བོད་མིས་མཉམ་ཞུགས་གནང་པ།

2023.05.20
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཤུལ་བཞག་ཟླ་བའི་གཞུང་འབྲེལ་མཛད་སྒོར་བོད་མིས་མཉམ་ཞུགས་གནང་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཤུལ་བཞག་ཟླ་བའི་གཞུང་འབྲེལ་མཛད་སྒོར་བོད་མིས་མཉམ་ཞུགས་གནང་པ།
Photo: RFA

Massachusetts མངའ་སྡེའི་གྲོང་ཁྱེར་སྦོསི་ཊོན་དུ་ཆགས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ “ཨེ་ཤེ་ཡའི་མི་རིགས་ཡིན་པའི་ཨ་རིའི་མི་སེར་དང་།  ཞི་བདེ་རྒྱ་མཚོའི་གླིང་ཕྲན་མངའ་ཁུལ་མི་མང་གི་ཤུལ་བཞག་ཟླ་བ་ (Asian American and Pacific Islander Heritage Month)” ཞེས་པའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཞིག་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཚོགས་ཡོད་པའི་སར།   མེསི་ཆུ་སིཊསི་མངའ་སྡེའི་སྲིད་སྐྱོང་ལྕམ་ (Maura T. Healey) ལགས་ཀྱི་ལས་ཁུངས་ནས་མགྲོན་འབོད་གནང་བ་བཞིན།  བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་དང་།  སྦོསི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས།   མེསི་ཆུ་སིཊསི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་ཀུན་བཟང་ལགས།  ཀུ་རུ་ཀུ་ལ་ཆོས་ཚོགས་ཀྱི་དགེ་བཤེས་ངག་དབང་འཕྲིན་ལས་ལགས་བཅས་ཀྱིས་མེསི་ཆུ་སིཊསི་མངའ་ཁུལ་གྱི་བོད་མིའི་སྐུ་ཚབ་གྱི་ངོ་བོའི་ཐོག་ནས་མཛད་སྒོར་མཉམ་ཞུགས་གནང་འདུག

བོད་པའི་སྐུ་ཚབ་རྣམ་པར་གྲོང་ཁྱེར་སྤྱི་ཁྱབ་པ་  Michelle Wu (མི་ཤེལ་ཝུ་)ཡིས་དགའ་སྤྲོ་ཆེན་པོ་གནང་བྱུང་ཞེས་ཀུ་རུ་ཀུ་ལ་ཆོས་ཚོགས་ཀྱི་ཆོས་ཕྱོགས་འགན་འཛིན་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུ་སྐབས་གསུངས་དོན།  བོད་པའི་སྐུ་ཚབ་རྣམ་པས་བོད་པའི་ལུགས་སྲོལ་ལྟར་མངའ་སྡེའི་སྲིད་སྐྱོང་གཙོ་བྱས་པའི་གནད་ཡོད་དབུ་ཁྲིད་རྣམ་པར་ཁ་བཏགས་ཕུལ་བའི་སྐབས་སུ། ཁོང་རྣམ་པས་དགའ་མོས་གནང་ཡོད་པ་མ་ཟད། གསར་འགོད་པ་མང་པོས་ཀྱང་བརྙན་པར་བླངས་བ་སོཊ་དམིགས་བསལ་དོ་སྣང་གནང་ཡོད་པ་དང་། ལོ་ལྟར་ཟླ་བ་གཅིག་གི་རིང་སྲུང་བརྩི་ཞུ་བཞིན་པའི་དུས་ཆེན་འདིའི་མཛད་སྒོའི་ཐོག་ཕལ་ཆེར་བོད་མིའི་སྐུ་ཚབ་མཉམ་ཞུགས་བྱས་པ་ཐོག་མ་དེ་ཡིན་པ་འདྲ་ཞེས་དང་ཡང་ཁོང་གིས་མུ་མཐུད་གསུང་དོན། མངའ་སྡེའི་དབུ་ཁྲིད་རྣམ་པས་ཁྱེད་རང་ཚོ་ང་ཚོའི་ཁྱིམ་མི་ནང་བཞིན་དུ་བརྩི་བཞིན་ཡོད། ང་ཚོའི་ངོས་ནས་ཁྱེད་རང་ཚོའི་དགོས་འདུན་དག་སྒྲུབ་གང་ཐུབ་བྱ་རྒྱུ་ནི་ལས་འགན་ཡིན་ཞེས་གསུངས་ཡོད་པ་ལས། གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་ཐུགས་སྣང་ཆེན་པོའི་རྣམ་འགྱུར་ཐོག་ནས་མ་འོངས་པར་དྲ་བའི་རྒྱུད་ལམ་ནས་ཕན་ཚུན་བར་གནས་ཚུལ་གོ་རྟོགས་སྤེལ་རེས་དང་གྲོས་བསྡུར་གནང་འདོད་ཡོད་ཅེས་གསུངས་ཡོད་པའི་སྐོར་སོཊ་མཚམས་སྦྱོར་གནང་ཡོད།

མཛད་སྒོ་དེར་མངའ་སྡེའི་སྲིད་སྐྱོང་བགྲེས་གཞོན་དང་།  སྦོ་སི་ཊོན་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ (Michelle Wu) ལགས།    མེསི་ཆུ་སིཊསི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ (Joanne Comerford) ལགས་སོགས་མངའ་སྡེ་དང་།  གྲོང་ཁྱེར།  གྲོས་ཚོགས་བཅས་ཀྱི་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་འདུག 

ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་གླིང་ཕྲན་གྱི་ཡུལ་མིས་ཨ་མི་རི་ཀར་བཞག་པའི་བྱས་རྗེས་ངོས་འཛིན་གྱི་དུས་ཆེན་འདི་ ༡༩༧༠ དོན་གྲངས་ནས་སྲུང་བརྩི་ཞུ་རྒྱུར་འབད་བརྩོན་བྱས་ཏེ་ལོ་ངོ་བཅུ་ལྷག་གི་རྗེས་དངོས་སུ་གཏན་འབེབས་བྱས་ཏེ་རྒྱུན་གཏན་སྲུང་བརྩི་ཞུ་སྲོལ་དུ་གྱུར་བ་ཞིག་ཡིན་འདུག

གསར་འགོད་པ།  རྡོ་རྗེ་མཚོ།  བཀྲིས་དབང་ཕྱུག

རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲ་ཐོག་སྤེལ་མཁན།  ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎