བོད་ནང་གི་བོད་མི་ཚོས་དམ་དྲགས་ཞིབ་བཤེར་ལ་མ་བལྟོས་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐབས་ལམ་སྣ་ཚོགས་ངང་༧སྐུའི་འཁྲུངས་སྐར་སྲུང་བརྩི་གནང་གི་འདུག
ཕྱི་ཟླ་༧ཚེས་༦་ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་མགོན་པོ་གང་ཉིད་ཕྱི་ལུགས་དགུང་གྲངས་༨༨སོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། དེ་རིང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲགས་ལ་མ་བལྟོས་པར། སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་སྙན་ཚིག་དང་༧གོང་ས་མཆོག་སྐུ་ན་ཆུང་དུས་ཀྱི་དབུ་ཞྭ་དང་པར་རིས་སྣ་ཚོགས་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་འདུག་ལ། ཡུལ་སྡེའི་རི་མགོར་བསང་ཕུད་མཁན་དང་ངག་བཅད་བསྡོམས་པར་བསྡད་དེ། ༧སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་མཁན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་སྔོན་ཕྱི་ཟླ་༦པ་དང་༧པའི་ཚེས་མགོ་སོགས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ། ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་དང་། དེ་བཞིན་ནག་ཆུ་ཕྱོགས་སུ་དགོན་པ་ཁག་ཏུ་ཞིབ་བཤེར་དང་༧གོང་ས་མཆོག་ལ་ངོ་རྒོལ་དགོས་པའི་མཚན་རྟགས་བརྒྱབ་བཅུག་ཡོད་པའི་གནས་ཚུལ་བྱུང་ཡོད་ན་ཡང་། དམ་དྲགས་དང་ཞིབ་བཤེར་རིགས་ལ་མ་བལྟོས་པར་བོད་ནང་གི་བོད་མི་ཚོས་ཆེད་དམིགས་སྐད་འཕྲིན་དྲ་ལམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་རྩོམ་ཡིག་མང་དག་ཅིག་སྤེལ་བཞིན་པའི་ཁྲོད། བོད་མི་ཞིག་གིས་དེ་རིང་དམིགས་བསལ་སྐུ་ཉིད་ཀྱི་འཛུམ་མདངས་ལྷག་ཏུ་དྲན་དང་། ཡང་སྐུ་ཉིད་ཀྱི་འགྲུལ་བཞུད་མཐའ་མ་དེ་ཕྱིར་ཡུལ་ལ་ལོག་རྒྱུ་ཡིན་དགོས་དང་། བོད་མི་གཞན་ཞིག་ནས་གཉའ་གནོན་ག་ཚོད་བྱས་ཀྱང་མགོ་བོ་བཏེགས་ནས་འགྲོ་དགོས་ལ། ལྷག་ཏུ་སྐུ་ཉིད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས་སོགས་བཀོད་འདུག
དེ་བཞིན་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་དུ་མུ་མཐུད་བོད་མི་ཞིག་ནས། ཁྱེད་ལ་དད་ཅིང་དུངས་པའི་བོད་མི་ཚོས་རེ་འདུན་གྱི་མིག་ཟུང་ཁྱེད་ལ་ཕྱོགས་ནས། དཔག་ཚད་ཁྲི་ཕྲག་གི་རི་ལུང་ནས་སྐུ་ཉིད་ང་ཚོའི་མགོན་ཏུ་དུས་རྟག་ཏུ་བཞུགས་སུ་གསོལ་བའི་སྨོན་འདུན་ཞུ་བཞིན་ཡོད་དང་། ཡང་བོད་མི་ཞིག་ནས་སྙན་ངག་གི་ལམ་ནས་གངས་རིའི་ཕར་རྒྱབ་གྱི་རས་གཟན་དམར་པོ། ང་རང་ཕ་ཁྱིམ་དུ་ལག་རྡུམ་ངང་བསྡད་ནས། སྐུ་ཉིད་ཕྱིར་ཕེབས་ཀྱི་གསོལ་འདེབས་དང་སྨྲེ་ངག་གངས་རིའི་ཕ་རོལ་དུ་བསྐུར་ཡོད་ཅེས་དང་། བོད་མི་གཞན་ཞིག་ནས་དེ་རིང་སྤུན་ཟླ་ཚོས་སེམས་ཀྱི་དཀྱིལ་དབུས་སུ་གངས་དཀར་པོའི་ཆགས་འཇིག་སྒོམ་བཞིན་ཉིད་ཀྱི་ཕྱིར་ཕེབས་ལ་སྒུག་ཡོད་ཅེས་སོགས་བཀོད་འདུག
སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་དུས་ཚེས་ཁག་ལ་བོད་ནང་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༢༡ལོར་རྒྱ་ནག་གཞུང་གིས་༧སྐུའི་འཁྲུངས་སྐར་དང་བསྟུན་ཁམས་དཀར་མཛེས་ཁུལ་འཁྱག་ལུང་གྲོང་ནས་ཡིན་ཞིང་རང་ལོ་༤༠ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་དང་། བུད་མེད་རྫ་པོ་ཞུ་བ་གཉིས་ནས་འཁྲུངས་སྐར་སྲུང་བརྩི་བྱས་སྐོར་བརྗོད་དེ་འཛིན་བཟུང་བྱས་ཡོད་པ་རེད་ལ། དེ་བཞིན་ལི་ཐང་ཕྱོགས་ནས་དགེ་འདུན་པ་ཁག་ཅིག་ཀྱང་འཛིན་བཟུང་གིས་ཉིན་གྲངས་མང་པོར་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།