བོད་ནང་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
2014.07.07
སོ་སོའི་ས་ནས་སྤྲོ་སྐྱིད་གླིང་གར་རོལ་བ་ནི་དམ་དྲག་འོག་གི་བོད་མི་ཚོའི་འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་ཡག་ཤོས་དེ་ཡིན་ཟེར།
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཚེས༦གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཀན་ལྷོ་བླ་བྲང་ཨ་མཆོག་དང་། ཁམས་རྟའུ། དཀར་མཛེས། ལི་ཐང་། བྲག་མགོ མགོ་ལོག སྐུ་འབུམ་སོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཡོད་མིན་ལ་མ་བལྟོས་བར་བོད་མི་ཚོས། ༧གོང་ས་མཆོག་གི་སྐུ་པར་སྤང་ཐང་སོགས་སུ་གདན་ཞུ་བྱས་ནས་སྤྲོ་སྐྱིད་གླིང་ག་གཏོང་བ་དང་། ནང་ལ་༧གོང་ས་མཆོག་གི་སྐུ་པར་མདུན་ཟས་རིགས་འདྲ་མིན་གྱི་མཆོད་པ་འབུལ་བ། ད་དུང་སོ་སོའི་ས་གནས་ཀྱི་གནས་རི་ཁག་ལ་འཛོམས་ནས་རི་རྩེར་བསང་གསོལ་དང་། རླུང་རྟ་དར་འཛུགས་བྱེད་པ། རྟ་རྒྱུགས་འགྲན་བསྡུར་བྱེད་པ། དྲ་ལམ་འཕྲིན་ལམ་བརྒྱུད་ནས་གླུ་ལེན་པ་དང་། སྙན་ངག་རྩོམ་པ། ཁ་གཡང་བརྗོད་པ་སོགས་བྱས་ནས་ཉིན་དེར་བོད་མི་ཚོས་སོ་སོའི་སེམས་ཚོར་ཕྱི་ལ་བཏོན་ནས་༧གོང་ས་མཆོག་ལ་བསྟོད་དབྱངས་འབུལ་བ། ལྷག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་མགྱོགས་བོད་ལ་ཕེབས་ཐུབ་པའི་རེ་བ་དང་། སྐུ་ཉིད་མཇལ་འདོད་ཀྱི་རེ་བ་དང་སྨོན་ལམ་རྒྱག་པ་སོགས་དགའ་སྐྱོ་འདྲེས་མའི་སེམས་འདུན་ཁག་མཚོན་པར་བྱས་པ་སོགས་བོད་མི་ཚོས་རང་རང་ས་ནས་རྣམ་པ་འདྲ་མིན་གྱི་བྱེད་སྒོ་སྤེལ་བཞིན་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།
མདོ་སྨད་ཕྱོགས་ཀྱི་བོད་མི་ཞིག་གིས་བརྗོད་དོན། སྤྱིར་བཏང་བོད་ནང་གི་ཚོས་འཁྲུངས་སྐར་ཡིན་ཞེས་མངོན་གསལ་དོད་པོས་དུས་ཆེན་སྲུང་བརྩི་རྒྱ་ཆེན་བྱེད་ཐབས་མེད་ཀྱང་། ཆེ་ས་ནས་སྡེ་བ་ཚོ་བ་འཛོམས་པ་དང་། ཆུང་ས་ནས་ནང་མི་ངོ་ཤེས་འཛོམས་ནས་སྤྲོ་སྐྱིད་གླིང་གར་རོལ་བ་ནི་དམ་དྲག་འོག་གི་བོད་མི་ཚོའི་འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་ཡག་ཤོས་དེ་ཡིན་པ་བརྗོད་བྱུང་། གཞན་གནས་ཚུལ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་སྐར་རིང་དམ་དྲག་དོགས་ཟོན་ཤུགས་ཆེན་བྱས་ཡོད་པ་དང་། ལྷག་པར་གཙུག་ལག་ཁང་དང་ནོར་བུ་གླིང་གར་བོད་མི་མང་པོ་འཛོམས་པ་དང་། བསང་གསོལ་བྱེད་པར་བལྟ་རྟོགས་ཚོད་འཛིན་ནན་མོ་བྱས་ཡོད་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས།
གསར་འགོད་པ་བསོད་ནམས་ལྷ་མོ།