རོང་རྒྱས་ཨ་གྲགས་དུས་ཐོག་གློད་བཀྲོལ་གཏོང་དགོས།
2014.08.14

ཧྥ་རན་སའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་ཚོས་རོང་རྒྱས་ཨ་གྲགས་དུས་ཐོག་གློད་བཀྲོལ་དགོས་པའི་སྐད་འབོད་བྱས་འདུག
དེ་ཡང་ས་གནས་བོད་མི་གྲགས་པ་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། ཁ་སང་ཚེས་༡༣ཉིན་རོང་རྒྱས་ཨ་གྲགས་ལགས་དུས་ཐོག་གློད་གྲོལ་ཆེད་ཕྱི་དྲོའི་ཚོད་༣དང་སྐར་མ་༤༥ཙམ་ནས་འགོ་འཛུགས་ཀྱིས་ཧྥ་རན་སའི་རྒྱལ་ས་དང་དེའི་གཡས་གཡོན་ལ་གནས་སྡོད་བྱེད་མཁན་བོད་པ་ཚོ་འདུ་འཛོམས་ཀྱིས་དགོང་མོའི་ཆུ་ཚོད་༦:༣༠བར་དུ་ཧྥ་རན་སིའི་རྒྱལ་ས་པད་རེ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་ཤུགས་ཆེ་རྒྱབ་ཡོད་པ་དང་། དམིགས་བསལ་རོང་རྒྱས་ཨ་གྲགས་ལགས་དུས་ཐོག་གློད་གྲོལ་དགོས་བའི་དགོས་འདུན་བཏོན་ཡོད་པ་དང་། ལས་འགུལ་དེ་གོ་བསྒྲིགས་བྱེད་མཁན་པེད་རེ་སའི་ས་གནས་གཞོན་ནུ་ཡིན་འདུག
ཕྱི་ལོ་༢༠༠༧་ལོར་བོད་ཀྱི་མདོ་ཁམས་ལི་ཐང་གི་རྟ་རྒྱུག་ཆེན་མོའི་འགྲན་བསྡུར་སྐབས་སུ་རོང་རྒྱས་ཨ་གྲགས་ཀྱིས་བོད་པ་མང་ཚོགས་ལ་བོད་པ་ཚོར་རང་དབང་དགོས་པ་དང་། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་རྟ་རྒྱུག་འདུ་འཛོམས་ཀྱི་རྒྱང་བསྒྲགས་ནང་གཏམ་བཤད་གནང་བར་བརྟེན་འཛིན་བཟུང་བཙོན་འཇུག་གིས་ད་བར་ལོ་ངོ་བདུན་འཁོར་ཡོད་པ་རེད། རོང་རྒྱས་ཨ་གྲགས་ལགས་ལ་རྒྱ་ནག་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་ཚབས་བཟོས་པའི་ཉེས་བཙུགས་ཐོག་ནས་ལོ་ངོ་བརྒྱད་བཙོན་འཇུག་ལོ་ཚད་བཟོས་ཏེ། ད་ལྟ་བཙོན་ཁང་ནང་ཡོད་མུས་ཡིན་ཞིང་། ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་སྤུན་མཆེད་ཚོས་བཙོན་ཁང་ནང་བཙོན་སྲུང་བ་ཚོས་རྒྱུན་དུ་ཁོང་ལ་་ཉེས་རྡུང་མནར་གཅོད་བཏང་ནས་རྣ་ཅོག་གོ་རྒྱུ་མེད་པ་བཟོས་ཡོད་པའི་ཁར། མིག་ཡང་གསལ་པོ་མི་མཐོང་མཁན་ཆགས་ཡོད་པ་བརྗོད་བཞིན་ཡོད་པ་རེད། ཁོང་གློད་གྲོལ་ཡོང་ཐབས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།