ཨ་རུ་ན་ཅལ་ནང་བོད་མིར་སྐྱོན་བརྗོད་བྱེད་མཁན་ཚོར་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསལ་བཤད་གནང་བ།
2017.10.07

༄༅། །རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་གནས་པའི་སྐྱབས་བཅོལ་བོད་མི་ཚོར་གཟིགས་རྟོག་གནང་ཕྱོགས་དང་འབྲེལ་བའི་ ཕྱི་ལོ་ ༢༠༡༤ ལོའི་སྐྱབས་བཅོལ་བོད་མིའི་སྲིད་ཇུས་ཞེས་པ་ཞིག་གཏན་འབེབས་གནང་པ་དེར། རྒྱ་གར་མངའ་སྡེ་སོ་སོའི་ཐོག་ནས་ལག་བསྟར་གནང་དགོས་ཀྱི་ཡོད་པ་རེད། གནད་དོན་འདིར་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་སློབ་ཕྲུག་མདུན་བསྐྱོད་གཅིག་འགྱུར་ཞེས་པ་ལ་སོགས་པ་ཚོགས་པ་ཁག་གཅིག་གིས། ཨ་རུ་ན་ཅཱལ་མངའ་སྡེའི་ངོས་ནས་བོད་མི་ཚོར་དམིགས་བསལ་བལྟ་རྟོགས་གང་ཡང་བྱེད་འཇུག་རྒྱུ་མིན་པའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད་ལ། དེ་བཞིན་སྐྱོན་བརྗོད་བྱ་མཁན་ཁག་གཅིག་གིས་བོད་མི་ཚོ་མངའ་སྡེ་དེའི་ནང་རྒྱ་གར་གྱི་མི་སེར་ཐོབ་ཐང་བླང་བཞིན་ཡོད་ཚུལ་ཡང་བརྗོད་བཞིན་ཡོད་པ་རེད།
དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ན་ཅཱལ་མངའ་སྡེ་ཁྱོན་ཡོངས་ཀྱི་ནང་བོད་མི་བདུན་སྟོང་ཙམ་ལས་མེད་པ་དང་། མང་པོ་ཞིག་ཡར་ཐོན་གྱི་ལུང་པའི་ནང་གོ་སྐབས་ཐོབ་ནས་འགྲོ་གི་ཡོད་པ་གསུངས་འདུག་པར་མ་ཟད། བོད་མི་ཚོ་གནས་ཡུལ་དུ་ཆུ་དང་གློག། འགྲོ་ལམ་སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ་དེ་ནི་རྒྱ་གར་དབུས་གཞུང་གིས་རྒྱ་གར་ཁྱོན་ཡོངས་ཀྱི་ནང་བོད་མི་གནས་ཡུལ་གྱི་ས་གནས་ཚང་མའི་ནང་གནང་བཞིན་པའི་མཐུན་འགྱུར་ཞིག་ཡིན་པ་གསུངས་འདུག
ད་དུང་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། ཕྱི་ལོ་ ༢༠༡༤ འི་སྐྱབས་བཅོལ་བོད་མིའི་གནས་བབས་ཐོག་ཀྱི་སྲིད་ཇུས་དེ་མངའ་སྡེའི་གདོད་མའི་མི་རིགས་དང་སློབ་ཕྲུག་ཚོགས་པ་ཁག་དང་གྲོས་བསྡུར་གནང་རྗེས་ལག་བསྟར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག་ལ། ཁོང་གིས་གནད་དོན་འདི་ཆབ་སྲིད་ཀྱི་ངོ་བོ་ཞིག་ཏུ་ཀོངག་རེསི་ཚོགས་པས་ཆེད་མངགས་བཟོས་པ་ཞིག་ཡིན་པ་གསུངས་པ་དང་སྦྲགས། ཁོང་གིས་སྣེ་ཁྲིད་པའི་མངའ་སྡེའི་སྦི་ཇེ་པི་ཚོགས་པའི་ངོས་ནས་ཟིངས་ཆ་དེ་སེལ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཡང་མངའ་སྡེའི་ནང་བོད་མི་རྒྱ་གར་གྱི་མི་སེར་ཞུ་ཕྱོགས་སྐོར་གསུངས་སྐབས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་ནས་བོད་མི་ཁག་གཅིག་རྒྱ་གར་གྱི་མི་སེར་ཞུ་ཕྱོགས་པའི་དཔྱད་རྒྱ་བཏང་པའི་རྗེས། མངའ་སྡེ་དེའི་ནང་གི་བོད་མི་ཉི་སྟོང་ཙམ་ནས་རྒྱ་གར་མི་སེར་ཞུ་རྒྱུར་འགེངས་ཤོག་བཀང་ཡོད་ན་ཡང་། དེ་དག་གི་ནང་ནས་མི་གཅིག་ལ་ཡང་ཆ་རྐྱེན་ཚང་མེད་པ་འགྲེལ་བརྗོད་གནང་འདུག
ཨ་རུ་ན་ཅཱལ་སློབ་ཕྲུག་མཐུན་ཚོགས་དང་སློབ་ཕྲུག་མདུན་བསྐྱོད་གཅིག་བསྒྲིལ་ཚོགས་པ་ཟེར་བ་དེ་དག་གིས་དུས་བཀག་ཚད་ཅན་གྱི་ནང་ཚུད་མངའ་སྡེའི་གཞུང་གི་ངོས་ནས་སྐྱབས་བཅོལ་བོད་མི་ཚོར་རོགས་སྐྱོར་གནང་རྒྱུའི་ལས་དོན་ཕྱི་བཤོལ་མ་བྱེད་ཚེ། ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཏ་ན་གར་ནས་འགོ་བཙུགས་ཏེ་བོད་མི་ཕྱིར་འབུད་བྱ་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།