༸གོང་ས་མཆོག་གི་སྐུ་ཚེའི་ཞབས་བརྟན་གྱི་སྨོན་ལམ་ཚོགས་པ།
2010.01.24
༄༅༎རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་དང་བོད་མི་དམངས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་དུས་མཚུངས་བོད་མི་གནས་སྡོད་ས་གནས་གང་སར་སྐུ་ཚེའི་ཞབས་བརྟན་གྱི་སྨོན་ལམ་ཚོགས་པ་བཞིན་དེ་ཉིན་ཉི་ཧོང་དུ་བོད་མི་དང་ཉི་ཧོང་མི་རིགས་མཉམ་འཛོམས་ཀྱིས་སྐུ་ཚེའི་ཞབས་རིམ་གྱི་སྨོན་ལམ་ཚོགས་ཡོད་པ་རེད།
རེས་གཟའ་སྤེན་པའི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པའི་དམིགས་བསལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་དཔོན་དང། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དབུས་པའི་བཀའ་བློན་རྣམ་པ། བོད་མི་དམངས་སྤྱི་འཐུས་རྣམ་པ། གཞུང་གི་ལས་ཁང་ཁག་གི་གཞུང་ཞབས་དང། སེར་སྐྱ་མི་དམངས་བཅས་ཁྱོན་སྟོང་ཕྲག་མང་པོ་འདུ་འཛོམས་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ཆོས་དང་རིག་གཞུང་ལས་ཁུངས་ཀྱིས་༢༠༠༩ལོའི་ཕྱི་ཟླ་༡༢་པའི་ཚེས་༧ཉིན་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་ཁག་ལ་གཞུང་འབྲེལ་གྱི་བཀོད་ཁྱབ་བཏང་གནང་བའི་ནང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བའི་ཉིན་དེར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་སྒྲོལ་དཀར་གྱི་གཟུངས་སྔགས་དང། སྒྲོལ་མ་གང་མང་གསོག་གྲུབ། བསངས་གསོལ་བྱ་དགོས་པའི་དགོངས་དོན་བཞིན། དེ་ཉིན་བོད་མི་གནས་སྡོད་གང་སར་སྐུ་ཚེའི་ཞབས་རིམ་གསོག་གྲུབ་ཞུས་པ་ལྟར། ཉི་ཧོང་དུ་གནས་སྡོད་བོད་མི་དང་ཉི་ཧོང་མི་རིགས་བཞི་བཅུ་ཙམ་དེ་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་དུ་ཡོད་པའི་སྐད་གྲགས་ཆེ་བའི་ནང་པའི་དགོན་པ་གོ་ཀུ་ཀུ་ཇི་ ནང་འདུ་འཛོམས་ཀྱིས་སྐུ་ཚེའི་ཞབས་རིམ་སྨོན་གྲུབ་ཞུས་པ་དང། འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡང་རྒྱལ་སའི་མངའ་ཁུལ་དུ་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཀྱིས་སྒྲོལ་དཀར་གྱི་གཟུངས་སྔགས་དང། སྒྲོལ་མ་ཉེར་གཅིག་གསོག་གྲུབ་ཀྱིས་ཞབས་རིམ་གྲུབ་ཡོད་པ་རེད།