བོད་མི་དང་ཉི་ཧོང་བས་ས་ཡོམ་ཕོག་མིའི་ཆེད་བསྔོ་སྨོན་གནང་བ།

ཉི་ཧོང་ནང་ཡོད་པའི་བོད་མི་དང་ཉི་ཧོང་མི་སེར་རྣམས་ཀྱིས་རྒྱ་ནག་ནང་བྱུང་བའི་ས་ཡོམ་གྱི་གོད་ཆགས་ཕོག་མི་རྣམས་ཀྱི་ཆེད་བསྔོ་སྨོན་གནང་འདུག

༄༅༎ཉི་ཧོང་ནང་ཡོད་པའི་བོད་མི་དང་ཉི་ཧོང་མི་སེར་རྣམས་ཀྱིས་རྒྱ་ནག་ནང་བྱུང་བའི་ས་ཡོམ་གྱི་གོད་ཆགས་ཕོག་མི་རྣམས་ཀྱི་ཆེད་བསྔོ་སྨོན་གནང་འདུག་

བསྡོ་སྨོན་གྱི་འདུ་ཚོགས་དེ་རྒྱལ་ས་ཀྲོག་ཡོའི་གཱོ་ཀོ་ཀུ་ཇི་ཞེས་པའི་དགོན་པ་དེར་གནང་ཡོད་ཅིང་ དེར་བོད་མི་དང་ཉི་ཧོང་གི་མི་མང་ ༡༥༠ ཙམ་ཞིག་ཕེབས་ཡོད་པ་རེད་ བསྔོ་སྨོན་གསོལ་འདེབས་ཀྱི་འདུ་ཚོགས་དེར་ཉི་ཧོང་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཕེབས་ཡོད་ཅིང་ ཁོང་གིས་རྒྱ་ནག་གི་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྐོར་དང་རང་བྱུང་འབྱུང་བའི་གནོད་སྐྱོན་ལ་ས་མཚམས་ཀྱི་དབྱེ་བ་མེད་སྐོར་དང་གོད་ཆགས་ཕོག་མི་རྣམས་ལ་བསྔོ་སྨོན་དང་ཁོང་ཚོའི་སྡུག་བསྔལ་ཞི་ཐབས་ཆེད་སྨོན་ལམ་གསོལ་འདེབས་གནང་དགོས་པའི་འབོད་སྐུལ་གནང་འདུག

བོད་མི་དང་ཉི་ཧོང་པ་རྣམས་ཀྱིས་མ་ནི་དང་སྒྲོལ་མ་ གུ་རུའི་གསོལ་འདེབས་བདེན་ཚིག་སྨོན་ལམ་སོགས་གསོག་གྲུབ་གནང་འདུག སྨོན་ལམ་གསོལ་འདེབས་ཀྱི་འདུ་ཚོགས་དེར་ཉི་ཧོང་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་གཙོ་བོ་ཁག་དང་རྒྱ་ནག་གི་གསར་འགོད་པ་ཞིག་ཀྱང་ཕེབས་ཡོད་པ་རེད་ ས་ཡོམ་གྱི་གོད་ཆགས་ཕོག་མི་རྣམས་ཀྱི་ཆེད་ཞལ་འདེབས་བསྡུ་སློང་གནང་སྐབས་ཞལ་འདེབས་འབུལ་མཁན་ཡང་གང་འཚམས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org