༄༅། །རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཀ་རྡོར་སྒང་གསུམ་ཀྱི་བོད་པ་ ༤༠༠ ལྷག་ཙམ་གྱིས་ཉིན་ཤས་རིང་རང་རང་གི་ས་གནས་ནས། ཤི་རི་གུ་རི་གྲོང་ཁྱེར་བར་དུ་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ཟླ་༡༡ཚེས་༢༨ཉིན་མོར་དེ་སྔོན་༧སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཤི་རི་གུ་རིའི་དུས་དབང་གནང་སའི་ཕོ་བྲང་གི་མདུན་ཐང་དུ་མཉམ་འཛོམས་གནང་ནས། བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་དེར་བཟོད་སྒོམ་མ་ཐུབ་པར་རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་གནང་མཁན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་གནང་ཐུབ་རྒྱུར་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གྱི་བྱེད་སྒོ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད། བྱེད་སྒོ་དེར་ཀ་ལོན་བུག་དང་། རྡོར་རྗེ་གླིང་། སྒང་ཏོག་བཅས་ས་གནས་ཁག་གི་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པ། རང་བདེན་ཚོགས་པ། སྐྱིད་སྡུག་ཚོགས་པ་བཅས་ཀྱི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་ས་གནས་བོད་རིགས་མང་ཚོགས་རྣམས་མཉམ་ཞུགས་གནང་ཡོད་པས་མ་ཟད། སྐུ་མགྲོན་གཙོ་བོར་འབྲས་ལྗོངས་ཀྱི་བློན་ཆེན་ཟུར་པ་སྒྲུབ་མཆོག་ལཱ་ཆུང་པ་དང་། ཀ་སྦུག་ས་གནས་གོར་ཁ་སྲིད་དོན་ཚོགས་པའི་རྒྱུན་ལས་མི་སྣ་སྭ་མེལ་རྒུ་རུང་སོགས་ཕེབས་ཡོད་པ་རེད། །