༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་མང་པོ་འབྱོར་བའི་ནང༌། ཕྱི་ཟླ་ ༣ པའི་ཚེས་༡༥་ཉིན་གྱི་ཕན་པོའི་ཁུལ་དུ་མི་དམངས་སྟོང་ཕྲག་མང་པོས་རྔམ་སྟོན་ལས་འགུལ་སྤེལ་བའི་ནང་
མཉམ་ཞུགས་གནང་མཁན་ཕན་པོ་ལྷུན་གྲུབ་རྫོངས་བདེ་གྲོང་ནང་གནས་སྡོད་གནང་མཁན་ལོ་ ༣༡ ་ཡིན་པའི་ཟླ་བ་ལགས་
རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་བཙོན་ཁང་ནང་བཙོན་སྲུང་བས་ཉེས་རྡུང་ཁོ་ནའི་འོག་ཕྱི་ཟླ་ ༤ ་པའི་ཚེས་ ༡ ་ཉིན་རྐྱེན་ལམ་ཕྱིན་ཡོད་པ་རེད། ཟླ་བ་ལགས་འདས་པའི་གཟའ་འཁོར་གཉིས་བཙོན་འཇུག་བྱས་པའི་
རིང་ཉིན་ལྟར་བཙོན་སྲུང་བས་ཉེས་རྡུང་ཚད་མེད་བཏང་སྟེ་ཉིན་རེ་བཞིན་མ་བསྡད་པར་གཟུགས་གཞིའི་གནས་སྟངས་ཇི་སྡུག་ཕྱིན་པའི་ར་སྤྲོད་ཐུབ་པའི་དཔང་རྟགས་བྱུང་ཡོད་པར་བརྟེན་བཙོན་ཁང་གི་རྒྱ་མིའི་དཔོན་རིགས་ནས་ཕྱི་ཟླ་ ༣ པའི་ཚེས་ ༢༧ ་ཉིན་ཁོང་སྨན་བཅོས་ཀྱི་ཆེད་དུ་འཕྲལ་དུ་གློད་བཀྲོལ་བཏང་ཡོད་ཀྱང་གློད་བཀྲོལ་བཏང་བའི་
ཉིན་མོར་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་གྱུར་ཟིན་ཡོད་པ་དང་ཉིན་བཞི་སྨན་ཁང་དུ་བསྡད་པའི་རྗེས་འདས་གྲོངས་སུ་ཕྱིན་པ་མ་ཟད། རྒྱ་ནག་གཞུང་གིས་ཟླ་བ་ལགས་སུ་ཉེས་རྡུང་བཏང་སྟེ་ལུས་པོར་རྨས་སྐྱོན་ཚབས་ཆེ་བཏང་བའི་གནས་སྟངས་བཀབ་ཐབས་སུ་ཟླ་བ་ལགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་ཏེ་མི་དམངས་ཀྱི་མཁར་དངོས་གཏོར་སྐྱོན་བཏང་བ་དང་དཔལ་འབྱོར་གྱོང་གུད་བཏང་བའི་ཉེས་བཙུགས་བྱས་ཏེ་ཁོང་གི་ཁྱིམ་ཚང་ལ་རྒྱ་མིའི་སྒོ་མོ་ཆིག་སྟོང་གི་ཉེས་ཆད་བཏང་ཡོད་པ་རེད༎