༄༅༎རྒྱ་གར་གནས་མཆོག་ལྦ་ར་ན་སིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཆོས་ཞུ་བ་ཁྲི་གཉིས་ལྷག་ཙམ་ལ་ཉིན་གྲངས་དྲུག་རིང་བཀའ་ཆོས་བསྩལ་གནང་མཛད་པའི་མཐར་ཁ་ས་ཕྱི་ཚེས་བཅུ་བཞི་ཉིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་ཡིད་ཆེས་དང་གུས་བརྩི་ཞུ་རྒྱུའི་ཁས་ལེན་དམ་བཅའ་ཕུལ་ཕྱིར་མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་འདུག
༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བའི་གསོལ་འདེབས་འདུ་ཚོགས་སར་ཕེབས་པའི་གལ་ཆེའི་མི་སྣའི་གྲས་སུ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ཡོད་པ་དང་བཙན་བྱོལ་ནང་གི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་༸གོང་ས་མཆོག་གི་དབུ་ཁྲིད་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དད་གུས་དང་ཡིད་ཆེས་གཙང་མ་ཞུ་བཞིན་པའི་ཁས་ལེན་དང་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་བདེན་པའི་འཐབ་རྩོད་དེ་མུ་མཐུད་སྣེ་འཁྲིད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་ཕྱིར་ད་རེས་གཞོན་ནུ་ལྷན་ཚོགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཡིན་ཞེས་ཕ་ཡུལ་དྲ་རྒྱའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་བརྒྱུད་༸གོང་ས་མཆོག་གིས་ད་བར་སྐུ་ངལ་འཛེམས་མེད་ཀྱིས་བོད་རྒྱ་ཆེའི་མི་དམངས་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ལོ་མང་ལམ་སྟོན་སྣེ་འཁྲིད་གནང་བའི་མཛད་རྗེས་ལ་བཀྲིན་རྗེས་དྲན་དང་གུས་བཏུད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ནང་ཚོགས་མི་ཁྲི་གསུམ་ཙམ་ཡོད་པ་དང་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཚོགས་པ་ཁག་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་བཞིན་པའི་ཐོག་བོད་རང་བཙན་གྱི་ལས་འགུལ་སྣེ་མང་སྤེལ་མུས་ཡིན་པ་རེད༎