བོད་མིས་གནས་ཚང་རྒྱ་གར་གྱི་ཁོར་ཡུག་གཙང་བཟོ་གནང་བ།
2016.08.17

རྒྱ་གར་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་སྲུང་བརྩིའི་ཉིན་བྷེང་ལོར་གྲོང་ཁྱེར་ནང་མི་མང་འདུ་འཛོམས་ཆེ་ས་དང་རྒྱལ་སའི་དབུས་ཁུལ་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་གནང་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་Karnataka་མངའ་སྡེའི་རྒྱལ་ས་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག འདི་ཟླའི་ཚེས་༡༥་ཉིན་ཏེ་རྒྱ་གར་རང་བཙན་ཐོབ་པའི་ཉི་མོ་སྲུང་བརྩིའི་སྐབས་སུ་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་༣༠་ལྷག་གིས་བྷེང་ལོར་གྲོང་ཁྱེར་གྱི་ཁོར་ཡུག་གཙང་མ་བཟོ་རྒྱུའི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་དེ་སྤེལ་དགོས་དོན་ནི་འདས་པའི་ལོ་༥༠་ལྷག་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་ཚོར་གནས་ཚང་གཡར་བ་མ་ཟད། ཐོག་མར་དཀའ་ངལ་ཆེན་པོ་འཕྲད་པ་དང་ཛ་དྲག་ཆེ་བའི་སྐབས་སུ་བོད་མི་རྣམས་དཀའ་སྡུག་ལས་སྐྱབས་སྟབས་ད་ལྟ་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་མཐུན་རྐྱེན་འཛོམས་པོ་འདི་འདྲ་གནང་བ་དང་རྒྱ་གར་དེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདིར་ཡང་། དཀའ་ངལ་ཆེ་ཤོས་དེ་ནི་ཁོར་ཡུག་གཙང་བཟོ་དེ་ཆགས་ཡོད་སྟབས་རྒྱ་གར་མི་མང་ལ་ཚོར་སྣང་གསར་པ་ཞིག་དང་མཛའ་སེམས་ཀྱི་བརྡ་ལན་གསལ་པོ་ཞིག་གཏོང་ཕྱིར་ཡིན་འདུག
བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དཀོན་མཆོག་རིན་ཆེན་ལགས་ཀྱིས། ང་ཚོས་ཁོར་ཡུག་གཙང་མ་བཟོས་པའི་ལས་འགུལ་སྤེལ་བར་བརྟེན་ནས་རྒྱ་གར་ཡུལ་མི་ཚོར་ཚོར་བ་ཤུགས་ཆེན་པོ་ཞེ་དྲགས་བྱུང་འདུག ང་ཚོས་ཁོར་ཡུག་གཙང་བཟོ་སྐབས་གོས་སེར་པོ་གྱོན་པའི་རྒྱབ་ལ་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་མཉམ་དུ་རྒྱ་གར་མི་མང་ལ་བཀྲིན་ཆེ། རང་བཙན་ཉི་མོར་བཀྲིས་བདེ་ལེགས་ཡོད་ཅེས་པའི་ཡི་གེ་བྲིས་ཡོད། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་སོགས་འཕྱར་ཏེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་གསུངས་འདུག།
ཡང་བྷེང་ལོར་ས་གནས་གཞོན་ནུའི་ཚོགས་མི་རྣམས་ཀྱིས་ཁོར་ཡུག་གཙང་མ་བཟོ་སྐབས་རྒྱ་གར་ཡུལ་མི་ཚོས་བོད་པའི་སློབ་ཕྲུག་ཚོས་རྒྱ་གར་རང་བཙན་ཐོབ་པའི་ཉི་མོར་ཁོར་ཡུག་གཙང་མ་བཟོས་པ་དེ་ཞེ་དྲག་ཡག་པོ་རེད། རྒྱ་གར་རང་བཙན་ཐོབ་པའི་ཉི་མོ་འདིར་རང་བཙན་འཐབ་རྩོད་གནང་མཁན་སེམས་པ་ཆེན་པོ་གྷན་དྷི་དང་ནེ་རུ་གཙོ་བོ་གྱུར་བའི་སྐབས་དེའི་མི་སྣ་ཚོས་སྐུ་ལས་མང་པོ་སྐྱོན་པ་དང་ཁྱེད་རང་ཚོས་རང་བཙན་ཉི་མོའི་རིན་ཐང་རྟོགས་ཐུབ་འདུག དཔེ་མི་སྲིད་པའི་ཡག་པོ་རེད་ཅེས་དགའ་བའི་འཛུམ་གདངས་ངང་ལག་གཉིས་ཐལ་མོ་སྦྱར་ནས་ཁོར་ཡུག་གཙང་མ་བཟོ་མཁན་བོད་ཕྲུག་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།