ས་གནས་བརྒྱད་ཀྱི་རྒྱུན་ལས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ནས་ཕྱིར་འབུད།
2014.08.18

གཞོན་ལྷན་སྒྲིག་འཛུགས་སྣང་མེད་བཏང་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་བཤིག་གི་བྱ་སྤྱོད་སྤེལ་བར་ངོས་འཛིན་གནང་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པའི་སྟེང་། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལས་ཟུར་དུ་ཐོན་པའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་བོད་ཀྱི་གཞོན་ནུའི་ཚོགས་མིར་ངོས་ལེན་མེད་པའི་གྲོས་ཆོད་བཞག་གནང་ཡོད་པ་དང་། དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་ཧྲི་ཆོས་ལགས་སུ་བཅར་འདྲི་སྐབས་བརྗོད་དོན། དེ་ཡང་ཁོང་གིས་གྲོས་ཆོད་ནང་དོན་ཚན་ཁག་བཞི་འཁོད་ཡོད་པའི་ནང་དང་པོ་གཞོན་ནུའི་དབུས་སྤྱི་ཁྱབ་ཀྱིས་འདས་པའི་ལོ་གཅིག་རིང་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་གནང་ཀྱང་དོན་འབྲས་སོན་མེད་པ་དང་། ཐེངས་འདིའི་འགན་འཛིན་ལྷན་ཚོགས་སྟེང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་གཞོན་ནུའི་སྒྲིག་གཞིར་རང་འགར་བཟོ་བཅོས་བྱས་པའི་ཐལ་ཆ་ཆེ་བའི་བྱ་སྤྱོད་དེས་གཞོན་ལྷན་སྒྲིག་འཛུགས་སྣང་མེད་བཏང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་བཤིག་གི་བྱ་སྤྱོད་སྤེལ་བར་ངོས་འཛིན་གནང་འདུག གཉིས་པ། ས་གནས་ཁག་བརྒྱད་ཀྱིས་ས་གནས་གཞོན་ལྷན་གྱི་མཚན་བྱང་དང་གཞོན་ནུའི་ངོ་སྤྲོད་ལག་ཁྱེར་གསར་བཟོ་བྱས་པ། དེ་གཞོན་ནུའི་སྒྲིག་གཞི་དང་ཡོངས་སུ་འགལ་ཡོད་པ་མ་ཟད་། བཟང་སྤྱོད་དང་ཡང་འགལ་ཡོད་སྟབས་ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་སྐབས་དེའི་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་པའི་ཐག་གཅོད་གནང་འདུག གསུམ་པ། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོས་མུ་མཐུད་སྤྱི་དོན་ཐོག་ཕྱག་ལས་གནང་དགོས་པ་དང་། ས་གནས་ཁག་བརྒྱད་ཀྱི་ལས་དོན་རིགས་མ་འོངས་པར་དབུས་ནས་ཐག་གཅོད་དགོས་པ། བཞི་པ། དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཡོད་མེད་ཀྱིས་སྤྱི་ཚོགས་ནང་གཞོན་ལྷན་ལ་མཐོང་ཚུལ་ཡོང་གི་ཡོད་པར་དབུས་སའི་རྒྱུན་ལས་ཚོས་མང་ཚོགས་ལ་གསལ་བཤད་གནང་དགོས་པ་བཅས་དོན་ཚན་བཞི་འཁོད་ཡོད་པ་རེད་ཅེས་ངོ་སྤྲོད་གནང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥པ་དེ་འདི་ཟླའི་ཚེས་༡༡ནས་༡༦ བར་གྱི་ཉིན་དྲུག་རིང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་གི་ཆོལ་གསུམ་ཚོགས་ཁང་དུ་བསྐོང་འཚོགས་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།