གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༥༠འཁོར།
2020.10.07
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་༥༠འཁོར་བའི་དུས་ཆེན་རྒྱ་གར་རྡ་རམ་སཱ་ལར་སྲུང་བརྩི་ཞུས་གནང་འདུག
བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཆེ་ཤོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་སྤྱི་ལོ་༡༩༧༠ལོར་གསར་བཙུགས་གནང་སྟེ་ད་བར་མི་ལོ་ཧྲིལ་པོ་༥༠འཁོར་ཡོད་པ་དང་། ཟླ་བ་འདིའི་ཚེས་༧ཉིན་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། གཞོན་ནུའི་ལྔ་བཅུའི་དུས་སྟོན་སྲུང་བརྩི་ཡི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དེ་སྔ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོག་མ་སྟེ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཕེབས་ནས། ད་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་བོད་མི་རྣམས་འཛམ་གླིང་ནང་བཙན་བྱོལ་བ་ས་ཡ་མང་པོ་ཡོད་པ་དེ་དག་ལས་དམིགས་བསལ་ཅན་ཞིག་ཆགས་ཡོད་པ་དང་། ད་སྐབས་བོད་ནང་མཚོན་ན། རྒྱ་ནག་གཞུང་གིས་དྲག་གནོན་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད། དེ་སྔ་ཤིན་ཅིང་ནང་ལག་བསྟར་བྱས་པའི་དྲག་པོའི་སྲིད་བྱུས་དེ་བཞིན་དེང་སྐབས་བོད་ནང་ལག་བསྟར་བྱེད་བཞིན་ཡོད་པར་བློ་ཕམ་གྱི་སྒོ་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་སོང་ལ། ལྷག་པར་དུ་གཉན་འཕྲང་ཆེ་བའི་དུས་འདིར་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་དེ་དག་འཆམ་མཐུན་ངང་གནས་དགོས་བའི་འབོད་སྐུལ་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བཙུགས་གནང་མཁན་མི་སྣ་གཙོ་བོ་བཞི་སྟེ། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། དེ་བཞིན་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་བཅས་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཕྱག་ནས་ཐུགས་ཆེ་ཞུའི་གཟེངས་རྟགས་འབུལ་གནང་ཞིང་། སྐབས་དེར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་མང་ལ་དམིགས་དཔེ་ལྟོས་འོས་པའི་ཞབས་ཞུ་དུ་མ་བསྒྲུབས་དང་སྒྲུབ་མུས་ཡིན་པ་མ་ཟད། ཚོགས་པ་འདི་བཞིན་གསར་འཛུགས་གནང་བ་ནས་བཟུང་ད་བར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་། མང་གཙོའི་འཕེལ་རིམ་ནང་མཉམ་ཞུགས་གནང་ཕྱོགས། དེ་བཞིན་བོད་དོན་ཞུ་གཏུགས་བྱེད་སྟངས་སོགས་ཀྱི་ཐད་ལ་ཚོགས་སྡེ་ཁག་གཞན་གྱིས་དཔེ་ལེན་འོས་པ་ཞིག་ཆགས་ཡོད་ལ། ད་བར་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད་ཅེས་གསུངས་གནང་སོང་།
ཡང་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྔ་བཅུའི་དུས་སྟོན་སྲུང་བརྩི་ཞུས་ཐུབ་པ་དེ་ནི། བཙན་བྱོལ་གྱི་ལོ་རྒྱུས་ནང་དུ་སྤོབས་པ་འོས་པ་ཞིག་ཆགས་ཡོད་ཅེས་དང་། ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན་ནས། རྒྱ་ནག་གཞུང་ལ་བརྡ་ལན་མང་པོ་ཞིག་སྤྲད་ཡོད་པ་ཚོར་ཤུགས་ཆེན་པོས་ངང་ནས་གཏམ་བཤད་གནང་སོང་།
གཞན་ཡང་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྔ་བཅུའི་དུས་སྟོན་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཏེ་གསུང་བཤད་གནང་ཞིང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེ་སྔ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་རྫོགས་པ་བཙན་བཟུང་བྱས་ཏེ། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་དུ་བཙན་བྱོལ་བྲོས་བྱོལ་དུ་ཕེབས་པའི་རྗེས། བཙན་བྱོལ་ནང་བོད་མི་ཚོས་རང་ཉིད་ཀྱི་རང་དབང་སླར་གསོའི་ཆེད་ཚོགས་སྡེ་ཁག་གསར་འཛུགས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན་པ་རེད།