བོད་རིགས་ལུས་རྩལ་བ་གསུམ་ལ་ཨེ་ཤེ་ུའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཁྲོད་རྒྱལ་ཁ་ཐོབ་པར་བོད་མི་ཚོས་དྲ་ལམ་དུ་དགའ་བསུ་ཞུ་བཞིན་འདུག

2025.02.11
བོད་རིགས་ལུས་རྩལ་བ་གསུམ་ལ་ཨེ་ཤེ་ུའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཁྲོད་རྒྱལ་ཁ་ཐོབ་པར་བོད་མི་ཚོས་དྲ་ལམ་དུ་དགའ་བསུ་ཞུ་བཞིན་འདུག བོད་རིགས་ལུས་རྩལ་བ་ཚེ་རིང་དགྲ་འདུལ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

* ཚེས་༡༢ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

རྒྱ་ནག་ཧེ་ལོང་ཅང་གི་རྒྱལ་ས་ཧའར་པིང་(哈尔滨市)གྲོང་ཁྱེར་དུ་ཚོགས་བཞིན་པའི་ཨེ་ཤི་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྟེང་། ཕྱི་ཟླ་ ༢་ཚེས་ ༩ ཉིན་བུད་མེད་ཀྱི་ལམ་ཐག་ཐུང་བའི་གངས་ཤུད་རི་འཛེགས་འགྲན་བསྡུར་ཁྲོད། བོད་རིགས་བུད་མེད་ཚེ་བརྟན་གཡུ་སྒྲོན་གྱིས་གསེར་གྱི་རྟགས་མ་དང་བསོད་ནམས་ཆོས་སྒྲོན་གྱིས་ཟངས་ཀྱི་རྟགས་མ་བླངས་པར། བོད་ནང་གི་སྤྱི་ཚོགས་དྲ་ལམ་དུ་བོད་མི་ཚོས་དགའ་བསུ་ཤུགས་ཆེན་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་ལས། བོད་མི་ཞིག་ནས་ཚེ་བརྟན་གཡུ་སྒྲོན་གྱི་གངས་ཤུད་འགྲན་བསྡུར་ལ་ཐེངས་ཁ་ཤས་བལྟས་པ་ཡིན་ལ། མིག་མཐར་མིག་ཆུ་འཁོར་ཡོང་བའི་དགའ་སྣང་གི་ཚོར་བ་བྱུང་སྐོར་དང་། ཡང་བོད་མི་གཞན་ཞིག་ནས་བོད་མི་ན་གཞོན་ཚོས་འཛམ་གླིང་གི་ས་གནས་གང་སར་རྒྱལ་ཁའི་གྲུབ་འབྲས་ལེན་བཞིན་པ་ནི། བོད་མི་ཚོར་སེམས་ཤུགས་སྐྱེད་གཞི་ཞིག་ཆགས་ཡོད་སྐོར་དང་། ཡང་བོད་མི་གཞན་ཞིག་ནས་བོད་རིགས་བུ་མོ་གཉིས་ངོ་མི་ཤེས་ན་ཡང་། བོད་མི་ཞིག་ཡིན་པའི་ཆ་ནས་ང་རང་ལ་གསེར་གྱི་རྟགས་མ་ཞིག་ཐོབ་སོང་བའི་དགའ་སྣང་བྱུང་སྐོར་སོགས་བྲིས་འདུག

ཨེ་ཤི་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དེ་བཞིན། ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༢་ཚེས་ ༧ ནས་ ༡༤ བར་ཚོགས་བཞིན་ཡོད་པ་རེད་ལ། ཕྱི་ཚེས་ ༩ ཉིན་ཀྱི་ལམ་ཐག་ཐུང་བའི་གངས་ཤུད་རི་འཛེགས་འགྲན་བསྡུར་ཁྲོད་ཨང་དང་པོ་ནས་བཞི་པ་བར་བོད་མི་དང་རྒྱ་རིགས་བཅས་ཡིན་པས། རྒྱ་རིགས་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་བསུ་ཤུགས་ཆེར་བྱེད་བཞིན་ཡོད་པ་ལས། རྒྱ་མི་ཞིག་ནས་རྒྱ་ནག་གི་ལུས་རྩལ་བ་ཚོར་རྒྱལ་ཁ་ཐོབ་པར་དགའ་སྣང་བྱུང་ལ། དེ་ལས་བོད་རིགས་ཚོར་ལུས་རྩལ་ཁྲོད་འཇོན་ནུས་ཆེན་པོ་ཡོད་པ་མངོན་གསལ་ཡིན་སྐོར་དང་། གཞན་གངས་ཤུད་ལས་རྩལ་སྐོར་གྱི་བརྙན་ཐུང་ཁག་ཏུ་མཆན་འབྲི་མཁན་སྟོང་ཕྲག་མང་པོ་ཡོད་ན་ཡང་། རྒྱ་རིགས་མང་ཆེ་བས་རྒྱ་ནག་གི་ལུས་རྩལ་བ་ཚོ་རྒྱལ་ཁབ་ཀྱི་སྤོབས་པ་དང་ལ་རྒྱ་ཡིན་པ་སོགས་བྲིས་འདུག་ལ། བོད་པ་ཚོས་ཀྱང་བོད་རིགས་བུད་མེད་གཉིས་ཀྱི་རྒྱལ་ཁ་ནི་མི་རིགས་ཀྱི་གཟི་བརྗིད་དང་རེ་བ་ཡིན་སྐོར་བྲིས་པ་དང་། པར་རིས་དང་བརྙན་ཐུང་སོགས་སྤེལ་ནས་དགའ་བསུ་ཤུགས་ཆེར་བྱེད་བཞིན་འདུག

འདས་པའི་ལོ་ཤས་ནས་བཟུང་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་གཙོས་བོད་ཀྱི་ན་གཞོན་མང་དག་ཅིག་གིས་རྒྱལ་སྤྱི་དང་རྒྱལ་ནང་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་མང་དག་ཅིག་ལ་མཉམ་ཞུགས་ཀྱིས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་དང་རེ་བ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ད་ལྟའི་ཆར་རྒྱལ་སྤྱིའི་ལུས་རྩལ་གྱི་གར་སྟེགས་ཆེ་ཤོས་ཁག་ན་མཆོང་རྒྱུག་འཕེན་གསུམ་དང་། གངས་ཤུད། རྐང་སྤོལ་རྩེད་འགྲན། ཁུ་ཚུར་འགྲན་བསྡུར་སོགས་ནང་བོད་རིགས་གཞོན་སྐྱེས་ཚོས་གྲུབ་འབྲས་ཡག་པོ་ཐོབ་བཞིན་པ་ལྟར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཐེངས་འདིར་ཨེ་ཤི་ཡའི་དགུན་དུས་རྩལ་འགྲན་ཚོགས་སྟེང་བོད་རིགས་བུད་མེད་གཉིས་ནས་གསེར་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་བླངས་པའི་གཏམ་བཟང་འདུག་ལ། སྤྱིར་ལོ་རྒྱུས་ནང་བོད་རིགས་ཚོར་སྲིད་དོན་གྱི་དཀའ་ངལ་གཙོས་གནད་དོན་མང་དག་ཅིག་གིས་ལུས་རྩལ་ཁྲོད་ཞུགས་རྒྱུའི་གོ་སྐབས་ཉུང་ཉུང་ཆགས་བསྡད་པ་ལས། གོ་སྐབས་ཐོབ་པ་ཡིན་ན་བོད་པ་ཚོར་འཇོན་ནུས་ཡོད་བསྡད་པ་དེ་མངོན་གསལ་ཆགས་ཡོང་གི་ཡོད་པ་ཞིག་རེད་ལ། ད་ལྟའི་ཆར་བོད་པ་ཚོས་རྒྱལ་ཁབ་གཞན་གྱི་དར་ཆའི་འོག་རྩེད་འགྲན་ལ་ཞུགས་བཞིན་ཡོད་ན་ཡང་། བོད་པ་ཞིག་རྒྱལ་སྤྱིའི་རྩེད་འགྲན་ལ་ཞུགས་བཞིན་ཐུབ་པ་དེས་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་བསྡད་པ་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།

ཐེངས་འདིའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་ཁྲོད་ཞུགས་པའི་བོད་རིགས་བུད་མེད་ཚེ་བརྟན་གཡུ་སྒྲོན་དང་བསོད་ནམས་ཆོས་སྒྲོན་གཉིས་ནི། རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཐུན་ཚོགས་ནས་ཡིན་པ་དང་། ཁོང་གཉིས་ཙམ་མ་ཟད་ཐེངས་འདུར་བོད་རིགས་སྐྱེས་པ་ལུས་རྩལ་བ་ཚེ་རིང་དགྲ་འདུལ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཟླ་༢པའི་༡༢ཉིན་སྐྱེས་པའི་གངས་ཤུད་འགྲན་བསྡུར་ནང་མི་༤སྤྱི་ལེ་༧.༥ཡི་མཐུད་ཤུགས་རྟིང་རྩོད་འགྲན་བསྡུར་མཐའ་མར། བོད་མི་ཚེ་རིང་དགྲ་འདུལ་ལགས་དང་། ལི་མིང་ལིན་དང་། པའོ་ལིང་། ཝང་བྱང་བཅས་ལས་གྲུབ་པའི་རུ་ཁག་གིས་གསེར་གྱི་རྟགས་མ་བླངས་ཡོད་པ་དང་། དེའི་གོང་ཕྱི་ཟླ་༢་ཚེས་༩ ཉིན་བུད་མེད་ཀྱི་ལམ་ཐག་ཐུང་བའི་གངས་ཤུད་རི་འཛེགས་འགྲན་བསྡུར་ཁྲོད། བོད་མི་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་གསེར་གྱི་རྟགས་མ་དང་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་ཟངས་ཀྱི་རྟགས་མ་བླངས་པར་བརྟེན། བོད་ནང་གི་སྤྱི་ཚོགས་དྲ་ལམ་དུ་བོད་མི་ཚོས་དགའ་བསུ་ཤུགས་ཆེན་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ། གཡུ་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎