༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་གྱི་ཉེས་འཛུགས་འོག་གཡུ་སྒྲོན་ལགས་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས༡༡ཉིན་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། ལོ་ན་༢༠ཙམ་ཡིན་པའི་བོད་རིགས་བུ་མོ་གཡུ་སྒྲོན་ལགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོ་མོ་ཕྱི་ཚེས་༡༡་ཉིན་གྱི་ཞོགས་པ་སྔ་པོ་ནས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་དགོས་པའི་གནད་དོན་གཙོ་བོ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་སྐོར་བརྗོད་ཡོད་དང་། ད་ལྟའི་ཆར་ཁོ་མོ་ལྷ་སར་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་ལས།ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་སྐོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། གཡུ་སྒྲོན་ལགས་འཛིན་བཟུང་བྱེད་དོན། ཉེ་སྔོན་ཕྱི་ཟླ་༦ཚེས་༢༣ཉིན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་འོག་འཛིན་བཟུང་བྱས་པའི་འཛུམ་དཀར་ལགས་དང་ངན་འབྲེལ་བྱས་སྐོར་བརྗོད་ནས་འཛིན་བཟུང་བྱས་པ་ཡིན་པ་དང་། གཡུ་སྒྲོན་ལགས་ནི་འཛུམ་དཀར་ལགས་ཀྱི་གཅུང་མོ་ཡིན་སྐོར་འགྲེལ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་འཛུམ་དཀར་ལགས་དང་གཡུ་སྒྲོན་ལགས་གཉིས་ནས་ཁོ་མོའི་ཁྱིམ་དུ་མཆོད་ཁང་ཆེན་པོ་ཞིག་བཟོ་སྐྲུན་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་སྐུ་པར་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་ཡོངས་སུ་ཞིབ་བཤེར་དམ་དྲགས་དང་། ལྷག་པར་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་ལྷ་ས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་ལ་ཁྲིམས་འགལ་བྱེད་མཁན་ཚོར་ཡར་ཞུ་ཞུས་པ་ཡིན་ན་བྱ་དགའ་སྤྲོད་རྒྱུ་ཟེར་བ་དང་། བོད་ཀྱི་ས་ཁུལ་མང་པོའི་ནང་ཞིབ་བཤེར་ས་ཚིགས་བཟོས་དེ་ཁ་པར་སྔོག་བཤེར་རིགས་ཀྱི་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།