ཕ་ཡུལ་བོད་ནང་གཉེན་འཕྲད་བསྐྱོད་པར་སྤུན་མཆེད་ཞིག་གིས་ཁག་ཐེག་འགན་ལེན་དགོས།


2019.10.30
ཁག་ཐེག་འགན་ལེན་ཡིག་གེའི་ངོ་བཤུས། ཁག་ཐེག་འགན་ལེན་ཡིག་གེའི་ངོ་བཤུས།
བོད་འབྱོར།

བོད་མི་ཚོ་ཕྱིའི་རྒྱལ་ཁབ་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་པར་བོད་ནང་གི་སྤུན་མཆེད་ལས་བྱེད་ཞིག་གིས་ཁག་ཐེག་ཡི་གེ་ལ་མིང་རྟགས་རྒྱབ་ནས་འགན་ལེན་བྱེད་དགོས་ཀྱི་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོ་བོད་ནང་གཉེན་འཕྲད་དུ་བསྐྱོད་རྒྱུ་དང་། བོད་ནང་ཡོང་ཆོག་པའི་མཐོང་མཆན་རག་པར་སྔོན་ལ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་དང་། ཁྲིམས་འགལ་རིགས་མི་བྱེད་པ་སོགས་དོན་ཚན་ཁག་ཅིག་ལ་བོད་ནང་གི་སྤུན་མཆེད་ལས་བྱེད་ཞིག་གིས་ཁག་ཐེག་ཡི་གེར་མིང་རྟགས་རྒྱབ་ནས་འགན་ལེན་བྱེད་དགོས་ཀྱི་ཡོད་འདུག
འདི་ག་རླུང་འཕྲིན་ཁང་དུ་ལྷ་ས་ཕྱོགས་ཀྱི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཚུར་ལོག་བོད་མི་སྣེ་ལེན་ཁང་ལ་ཁག་ཐེག་ཡི་གེར་མིང་རྟགས་རྒྱག་དགོས་བའི་ངོ་བཤུས་ཞིག་འབྱོར་བའི་ནང་། བོད་ནང་གི་སྤུན་མཆེད་ཁག་ཐེག་འགན་ལེན་བྱེད་མཁན་དེའི་མིང་དང་ལོ། ལས་གནས། ཐོབ་ཐང་ལག་འཁྱེར་སོགས་གསལ་བོ་འཁོད་པའི་ཐོག ཕྱི་ཕྱོགས་ནས་གཉེན་འཕྲད་དུ་ཡོང་མཁན་དེའི་གནས་ཚུལ་གསལ་བོ་བྲིས་ནས། ཕྱི་རྒྱལ་གཉེན་འཕྲད་ཡོང་མཁན་མི་དེ་བོད་ལ་འབྱོར་རྗེས་བོད་ནང་བསྡད་པའི་དུས་ཡུན་རིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཁག་ལ་བརྩི་སྲུང་ལེགས་པོ་དགོས་བ་དང་། དཀྲོག་གཏམ་མི་གླེང་བ་དང་མི་བཟོ་བ། རྒྱལ་ཁབ་ལ་ངོ་རྒོལ་གྱི་གཏམ་བརྗོད་གང་ཡང་མི་གླེང་བ། ཆབ་སྲིད་དང་འབྲེལ་བ་ཡོད་པའི་བྱེད་སྒོ་གང་རུང་ལ་མི་ཞུགས་པ།  སྤུན་མཆེད་ཐུག་འཕྲད་ཀྱི་ཡུལ་ནས་རང་དགར་ཁ་མི་བྲལ་བ་བཅས་ཡོང་རྒྱུའི་དོན་ཚན་ཁག་ལ་ཁས་ལེན་བྱེད་དགོས་བ་མ་ཟད། གཉེན་འཕྲད་རྗེས་དུས་ཐོག་བཅའ་སྡོད་རྒྱལ་ཁབ་ལ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་དང་། གཏན་འབེབས་དང་ཁས་ལེན་བྱས་བའི་དོན་ཚན་གང་རུང་དང་འགལ་ཚེ་ཁྲིམས་ལུགས་ཀྱི་འགན་འཁྲི་དང་མཇུག་འབྲས་རྣམས་འགན་ལེན་བྱེད་དགོས་བའི་མིང་རྟགས་འགོད་འཇུག་གི་ཡོད་པ་རེད།
དེའི་ཐད་བོད་ནང་གི་བོད་མི་ཞིག་གིས་བརྗོད་ན། དེ་སྔ་ཡིན་ན་ཕྱི་ནས་གཉེན་འཕྲད་ཡོང་མཁན་ཁག་ཐེག་འགན་ལེན་བྱེད་པར་མི་དེའི་ནང་མི་སྤུན་མཆེད་ཞིག་གིས་བྱས་ན་འགྲིག་གི་ཡོད་ཀྱང་། ད་སྐབས་ངེས་བར་དུ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་དམར་ཤོག་ཚོགས་མི་ཡིན་པ་ཞིག་གིས་ཁག་ཐེག་འགན་ལེན་བྱེད་དགོས་ཀྱི་ཡོད་པ་དང་། དེ་ནི་འགན་ལེན་མ་ཐུབ་པ་བྱུང་ཚེ་ལས་གནས་ནས་གཡུག་རྒྱུ་དང་ཟླ་ཕོག་གཅོག་རྒྱུ་སོགས་སྟངས་འཛིན་བདེ་བའི་ཆེད་དུ་ཡིན་པ་ཚོད་དཔག་བྱེད་བཞིན་པ་ལྟར་དེ་བཞིན་གྱི་ཉེན་བརྡ་ཡང་གཏོང་གི་ཡོད་པ་བརྗོད་བྱུང་།
གཞན་ཨ་རི་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་བོད་མི་ཞིག་གིས་བརྗོད་ན། དེ་ལྟར་བོད་ནང་ནས་སྤུན་མཆེད་ཞིག་གིས་ཁག་ཐེག་བྱས་ཀྱང་ཁོང་ཚོས་རྟག་དཔྱད་རིམ་པ་བྱས་བ་བརྒྱུད་ཆོག་མཆན་དང་མཐོང་མཆན་རག་རྒྱུ་ཁག་པོ་ཡིན་པ་དང་། ཨ་རིའི་མི་སེར་ལག་འཁྱེར་ཡོད་མིན་ལ་མ་བལྟོས་བར་རྒྱ་ནག་གཞུང་ཚབ་ཁང་དུ་བོད་མི་ཡིན་པ་ཐམས་ཅད་ལ་དམིགས་བསལ་འདྲི་ཞིབ་དང་། ཡིག་ཆ་འདྲ་མིན་མཁོ་སྤྲོད་དགོས་པ། ཐ་ན་མི་ཚེ་ལོ་རྒྱུས་དང་བཅས་བ་ཡིག་ཐོག་ལ་སྤྲོད་དགོས་ཀྱི་འདུག་ལ། གལ་སྲིད་དེ་ལྟར་བྱས་ནས་བོད་ནང་འབྱོར་ཚེ། འཐབ་ཕྱོགས་གཅིག་གྱུར་སོགས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡང་ཡང་འབོད་སྒུག་གིས་གནས་ཚུལ་འདྲ་མིན་ཐད་འདྲི་རྩད་བྱེད་བཞིན་པ་བརྗོད་བྱུང་།
ཨ་རིའི་མི་སེར་ཡིན་པ་བོད་མི་ཚོར་གོང་བརྗོད་དཀའ་ངལ་དེ་འདྲ་ཡོད་པ་སོགས་ལ་བརྟེན། སྤྱི་ལོ་༢༠༡༨་ལོའི་ཟླ་༡༢་བའི་ཚེས་༡༩་ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་བརྒྱུད་གཞུང་གིས་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་གཞི་(Reciprocal Access to Tibet Act)་ཞེས་བ་གཏན་འབེབས་བྱས་ནས་སྲིད་འཛིན་གྱིས་མཚན་རྟགས་རྒྱབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎