ཐེ་ཝན་སོགས་ས་གནས་ཁག་ཅིག་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི།
2020.03.09
ཐེ་ཝན་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་རྔམ་སྟོན་ཁྲོམ་སྐོར་གྱི་ལམ་ནས་སྲུང་བརྩི་གནང་འདུག
ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་༡༠་ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཐེ་ཝན་ནང་འདི་ཚེས་༨་གཟའ་ཉི་མའི་ཉིན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩི་ཆེད། ཐེ་ཝན་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ལྷག་གིས་རྒྱལ་ས་ཐེ་པེ་ནང་རྔམ་སྟོན་ཁྲོམ་སྐོར་གྱི་ལམ་ནས་དུས་དྲན་སྲུང་བརྩི་ཞུས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཐེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དཀོན་མཆོག་ལྷག་པ་ལགས་སུ་བཅར་འདྲི་ཞུས་སྐབས། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་གསར་བའི་རྐྱེན་ད་རེས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དེ་སྔ་ལས་ཉུང་བ་ཡོད་ནའང་ས་གནས་ཀྱི་བོད་མི་མང་པོ་མཉམ་ཞུགས་བྱས་འདུག བོད་མིའི་རང་དབང་སྒེར་ལངས་ནི་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་པར་བརྟེན་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། བོད་ཀྱི་རྒྱལ་དར་གྱི་ཁ་རས་གྱོན་པའི་ལམ་ནས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དང་། གྲོང་ཁྱེར་ནང་ཞི་བའི་གོམ་བགྲོད་བྱས་ལུགས་འགྲེལ་བརྗོད་གནང་བྱུང་།
ཐེ་ཝན་ནང་ད་རེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་དུ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩི་ཆེད་ཟླ་༣་པའི་ཚེས་༢་ཉིན་ནས། ཚེས་༡༠་བར་རྐང་འཁོར་སྐོར་བསྐྱོད་དང་། བོད་དོན་གཏམ་བཤད། རྔམ་སྟོན་ཁྲོམ་སྐོར་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ནས་སྲུང་བརྩི་བྱེད་བཞིན་པ་རེད།
དེ་བཞིན་ཡང་ཨ་མི་རི་ཀའི་བྱང་ཁེ་ལི་ཧྥོར་ནི་ཡའི་རེ་ཆུ་མོཎཌ་(Richmond)་གྲོང་ཁྱེར་གྱི་ཚོགས་ཁང་མདུན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཆེད། ཕྱི་ཟླ་༣ ་ཚེས་ ༩ ་ཉིན། གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་སྐུ་ཚབ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Eduardo Martinez)་ལགས་ཕེབས་ནས། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པས། བདག་དབང་གསལ་སྟོན་གྱི་རང་དབང་ལོངས་སུ་སྤྱོད་པ་དང་། རང་སྐྱོང་གི་བདག་དབང་ཆེད་རྒྱབ་སྐྱོར་མཚོན་གྱི་ཡོད་ལ། ང་ཚོས་འགྲོ་བ་མི་ཚང་མའི་རང་དབང་དང་དྲང་བདེན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོབ་བྱེད་འོས་བས། བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་གསུངས་འདུག
གཞན་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་། ཡོ་རོབ་གྱི་བྷེལ་ཇེམ་རྒྱལ་ཁབ་ནང་དུ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་།
ཡང་རྒྱ་གར་ནང་འདི་ཚེས་༧་རེས་གཟའ་སྤེན་པའི་ཉིན། བྷ་རོ་ཌ་(Baroda)་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་དང་། ས་གནས་ཀྱི་སློབ་ཕྲུག་ཐོུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩིའི་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བོད་མི་དང་རྒྱ་གར་བ་སློབ་ཕྲུག་གཙོ་བོར་བྱས་པའི་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་འདུག