བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་རྡ་སར་འཚོགས་བཞིན་འདུག

སྤྱི་ཟླ་༤པའི་ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་གཙོས་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་མི་རྣམ་པ་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་མི་རྣམ་པ་ལྷན་ཞུགས་ཐོག རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་འགོ་འཛུགས་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། འབྱུང་འགྱུར་ལོ་བཅུ་བཅོ་ལྔ་ནང་ཚུད་ལ་བཙན་བྱོལ་བོད་མིའི་སུད་ཚོང་གནས་བབ་དེ་ཇི་ལྟར་ཆགས་མིན་གནས་སྟངས་ཐོག་ལ་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱ་དགོས་པ་དགོངས་ཚུལ་གསུངས་ཞིང་། བཀའ་ཤག་གི་ངོས་ནས་མཐུན་འགྱུར་རོགས་རམ་གང་གནང་བ་ཡིན་ནས། ཚོང་པའི་ཚོགས་པ་གཅིག་པུ་མིན་པར་སྤྱི་ཚོགས་ཁྱོན་ཡོངས་ལ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་གནང་སོང་།
རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ་ནི། སྤྱི་ལོ་༢༠༠༦ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་མི་༣༧༠༠ཙམ་ཡོད་པ་དེ་དག་ནི་རྒྱ་གར་གྱི་མངའ་སྡེ་༡༩ ནང་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་དང་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཚོང་པ་ཚོར་རོགས་རམ་བྱེད་རྒྱུ་དེ་ཡིན་པ་ཚོང་པ་ཚོགས་པ་དེ་ཉིད་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་གནས་དགོས་པ་མ་ཟད། དེ་མུ་མཐུད་གནས་པར་བོད་མིའི་ཚོང་པ་ཚོགས་པ་ནི་གལ་འགངས་ཆེན་པོ་ཆགས་ཡོད་པ་གསུངས་ཤིང་། བར་སྐབས་ཤིག་ནས་ས་གནས་ཁག་ཏུ་ཁྲོམ་ས་མེ་སྐྱོན་ཤོར་བའི་གནས་ཚུལ་ཡང་ཡང་ཐོན་བཞིན་ཡོད་པ་དེའི་རྐྱེན་གྱིས་མང་པོ་ཞིག་ལ་དོ་ཕོག་ཡོང་གི་ཡོད་པས། མ་འོངས་པར་དེ་ལྟར་མ་ཡོང་བའི་ཆེད་དུ་སྔོན་འགོག་གི་ལས་དོན་སྤེལ་དགོས་པ་གསུངས་གནང་སོང་།
དེ་སྔོན་སྤྱི་ཟླ་༡ པོའི་ཚེས་༢༡ ཉིན་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་ཨམ་བྷ་ལར་བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་བྱུང་སྟེ། ཚོང་གཉེར་བ་དུད་ཚང་བརྒྱད་ཀྱི་ཁྲོམ་ས་དང་ཚོང་ཟོག་རྣམས་མེས་འཚིགས་ནས་གྱོང་གུན་ཕོག་ཡོད་པར། བོད་མི་ཚོགས་སྡེ་ཁག་ནས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རོགས་དངུལ་ཞལ་འདེབས་གནང་ཡོད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ཀྱི་ངལ་སེལ་ཐེབས་རྩའི་ངོས་ནས་ཀྱང་ཞལ་འདེབས་ཧིན་སྒོར་ལྔ་ཁྲི་གནང་ཡོད་པ་རེད།
གཞན་ཡང་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ནང་ཚོང་ལས་གཉེར་བཞིན་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་འཛུལ་ཞུགས་ཆོག་གི་ཡོད་པ་དང་། ད་ཐེངས་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་དེ་འདི་ཚེས་༡༨ནས་འགོ་འཛུགས་ཀྱིས་ཚེས་༢༠བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་པའི་ནང་གཙོ་བོ་ཚོང་པ་ལྷན་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་དང་ལྷན་ཚོགས་དེ་སྒྲིག་འཛུགས་ཚགས་ཚུད་གཏོང་རྒྱུ་སོགས་དང་འབྲེལ་བའི་གྲོས་གཞི་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།