ཨ་རིའི་ངོས་ནས་བོད་དང་༧གོང་ས་མཆོག་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་ཨ་རིའི་གནད་ཡོད་མི་སྣས་གསུངས་འདུག
ཨ་རིའི་རྒྱལ་སར་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོས་བོད་དང་༧གོང་ས་མཆོག་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་གཏམ་བཤད་གནང་འདུག
-
2019-07-24 -
-
-
Your browser doesn’t support HTML5 audio
ཨ་མི་རི་ཀའི་རྒྱལ་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོས་བོད་དང་༧གོང་ས་མཆོག་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་གཏམ་བཤད་གནང་འདུག
དེ་ཡང་འདི་ཚེས་༢༣་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་(George Washington)་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་ཞིག་ཏུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སླད། བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ནས་བོད་ཀྱི་གཞས་སྣ་གཟིགས་འབུལ་ཞུས་ཏེ་སྲུང་བརྩི་གཟབ་རྒྱས་ཞུས་པའི་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས། ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་སྐོང་གནང་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཆེ་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་སྐབས་བོད་མིིའི་སྐུ་ཚབ་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་དཀའ་སྡུག་རྣམས་ཚོགས་ཐོག་དང་། ལྷག་པར་སྲིད་འཛིན་(Trump)་དང་ཟུར་དུ་མཇལ་འཕྲད་སྐབས་སུ་ངོ་སྤྲོད་ཞུས་པ་ནི་བསྔགས་བརྗོད་འོས་བ་རེད། ཨ་རིའི་གཞུང་དང་མི་དམངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་གསུངས་ཡོད་པ་རེད།
བོད་ཀྱི་ཟློས་གར་གཟིགས་འབུལ་དེ་ཨ་རིའི་གཞུང་གི་རྒྱལ་སྤྱིའི་འཕེལ་རྒྱས་རོགས་སྐྱོར་སྡེ་ཚན་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་(GeorgeWashington)་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤ་ཡའི་སྡེ་ཚན་གསུམ་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་རེད་འདུག