རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་ཚོར་དབྱེ་འབྱེད་ཀྱི་གནས་སྟངས་ཇེ་སྡུག་ཡིན་འདུག

རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་ཚོའི་གློག་ཀླད་རྩིས་འཁོར་ནང་གསང་ལྟ་བྱེད་པ་སོགས་རྒྱ་རིགས་དང་བོད་རིགས་ལས་བྱེད་བར་དབྱེ་འབྱེད་བྱེད་བཞིན་ཡོད་འདུག

བོད་རིགས་དང་རྒྱ་རིགས་བར་ལས་མི་བསྡུ་སྐབས་གླ་ཆ་སོགས་ཀྱི་དབྱེ་འབྱེད་ཡོད་པ་གསལ་བསྒྲགས་ནས་གསལ། ༼ཟླ་ཚེས་མི་གསལ བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་ཚོའི་གློག་ཀླད་རྩིས་འཁོར་ནང་གསང་ལྟ་བྱེད་པ་སོགས་རྒྱ་རིགས་དང་བོད་རིགས་ལས་བྱེད་བར་དབྱེ་འབྱེད་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་བོད་རིགས་དང་རྒྱ་རིགས་ལས་བྱེད་ཚོའི་བར་ལ་དབྱེ་འབྱེད་བྱས་ཏེ། བོད་རིགས་ལས་བྱེད་ཚོས་གནས་ཚུལ་ག་རེ་ལ་ལྟ་ཉན་དང་། མི་སྣ་སུ་དང་སུ་ལ་འབྲེལ་འདྲིས་བྱེད་བཞིན་ཡོད་མེད་སོགས་ལ་གསང་བའི་ལྟ་ཉན་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཟེར་བ་སོགས་ཀྱི་ནང་སོ་ལྟ་དེ་རིགས་རྒྱ་རིགས་ལས་བྱེད་པ་ཚོའི་ཐོག་སྤེལ་གྱི་མེད་པ་མ་ཟད། བོད་རིགས་ལས་བྱེད་པ་ཚོ་སྔ་དྲོ་ལས་ཁུངས་སུ་འབྱོར་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཁག་ལ་ཉན་དགོས་ཀྱི་ཡོད་ཀྱང་རྒྱ་རིགས་ལས་བྱེད་པ་ཚོས་དེ་ལྟར་བྱེད་དགོས་ཀྱི་མེད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་ཁག་ཅིག་ནས་གནས་ཚུལ་མཁོ་སྤྲོད་དང་འགྲེལ་བརྗོད་བྱས་བྱུང་།
བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་མིང་འབོད་མ་ཞུས་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་དུ་གསུང་ན། ལས་བྱེད་པ་ཚོས་ལས་ཁུངས་ནང་བེད་སྤྱོད་བྱེད་པའི་ཅ་ལག་ལ་མཚོན་ན་ཡང་། གློག་ཀླད་དང་ལས་ཁུངས་ཀྱི་སྡོད་གནས། གཞུང་གི་རླངས་འཁོར། དེ་བཞིན་གསར་འགོད་པ་ཞིག་ལ་མཚོན་ན་པར་ཆས་སོགས་བོད་རིགས་ལས་བྱེད་ཚོར་སྤུས་ཀ་སྐྱོ་བའི་རིགས་སྤྲད་པའི་ཐོག་ནས་བོད་རིགས་དང་རྒྱ་རིགས་ལས་བྱེད་པའི་བར་དབྱེ་འབྱེད་རང་བཞིན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་བརྗོད་བྱུང་ལ། ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་པར་གཞིགས་ན། མཚོ་སྔོན་ཁུལ་གྱི་བོད་རིགས་ཉེན་རྟོག་པ་ཁག་ཅིག་ལ་རྒྱ་རིགས་ལྟར། དཔུང་རྟགས་དང་ཚད་མཐོའི་གྱོན་གོས་གང་ཡང་མེད་པ་དང་། ལས་ཀ་དཀའ་བའི་རིགས་དང་དགུན་ཁ་གྲང་ངར་ཁྲོད་བོད་རིགས་ལས་བྱེད་ཚོ་ཤུགས་ཆེར་བཀོལ་བཞིན་ཡོད་པ་པར་རིས་ཀྱི་དཔང་རྟགས་དང་བཅས་བརྗོད་བྱུང་།
ཡང་དེ་འབྲེལ་གནས་ཚུལ་སྐོར་ལ་དེ་སྔ་བོད་ཁུལ་གྱི་གསར་ཁང་ཞིག་ནང་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་ད་ལྟ་བཙན་བྱོལ་དུ་ཡོད་པའི་བོད་མི་ཞིག་གིས། བོད་རིགས་དང་རྒྱ་རིགས་ལས་བྱེད་བར་ལ་དབྱེ་འབྱེད་ཁྱད་པར་བཟོ་བ་འགྲོ་སྟངས་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་དུ་འགོ་ཁྲིད་ཅིག་འདེམས་པ་ཡིན་ན་རྒྱ་རིགས་རྩ་ནས་མེད་པའི་ས་ཁུལ་ཡིན་ན་མ་གཏོགས། འགོ་ཁྲིད་མཐོ་ཤོས་རྒྱ་རིགས་ངེས་པར་དུ་འདེམས་ཀྱི་ཡོད་ཅིང་། བོད་རིགས་འགོ་ཁྲིད་འདེམས་པར་ཁོ་ཚོས་ཆབ་སྲིད་ཐད་ནས་གོ་ས་འཕར་མི་ཐུབ་པ་བཟོ་བཞིན་ཡོད་པ་བརྗོད་བྱུང་ལ། དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བ་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་བོད་འདི་བོད་མི་ཚོར་རྩིས་སྤྲད་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། དོན་དངོས་འདས་པའི་ལོ་བདུན་བཅུའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་དབང་འཛིན་མི་སྣ་གཙོ་བོར་བོད་མི་ཞིག་དུས་ནམ་ཡང་སླེབས་མྱོང་མེད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོག་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་བཟོ་གྲྭ་དང་ཟ་ཁང་། ཚོང་ཁང་ཁག་ནང་ལས་མི་བསྡུ་བར་བོད་རིགས་ཚོར་གླ་ཆ་དམའ་བོ་སྤྲོད་བཞིན་པའི་བརྡ་ཁྱབ་སོགས་དངོས་སུ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། སྔར་ལོ་བོད་རིགས་མང་པོས་ལས་གཉེར་ཆེད་གནས་སྡོད་བྱ་ཡུལ་རྒྱ་ནག་གི་ཁྲུང་ཆེན་གྲོང་ཁྱེར་དང་ཁྲིན་ཏུའུ་ནང་གི་ཚོང་གཉེར་ཁང་ཁག་གཉིས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ལས་མི་བསྡུ་ཡི་ཡོད་ཀྱང་བོད་རིགས་དང་དབྱིས་རིགས་བསྡུ་རྒྱུ་མིན་པའི་གསལ་བརྡ་སོགས་བཏང་བའི་གནས་ཚུལ་ཕྱི་ལ་གྱར་བ་སོགས་བྱུང་ཡོད་པ་རེད།
བོད་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས། སྤྱིར་ན་གནས་ཚུལ་དེ་རིགས་གསར་བ་གང་ཡང་མིན་པར་དེ་སྔ་ནས་ཡོད་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༠༨་ལོ་ནས་བཟུང་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་ཕྱོགས་ནས་བོད་རིགས་ལས་བྱེད་ཚོར་ཡིད་ཆེས་མེད་པའི་ལྟ་སྟངས་སྡུག་ཏུ་སོང་ཡོད་སྐོར་ཡིག་ཐོག་ནས་བརྗོད་བྱུང་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ནས་ད་ལྟའི་ཆར་བོད་རིགས་ལས་བྱེད་ལ་དབྱེ་འབྱེད་བྱེད་པའི་གནས་ཚུལ་དེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལས་གནས་ཀྱི་ཁོར་ཡུག་ཙམ་མ་ཡིན་པར་རྒྱ་ནག་གི་ཁྲིམས་ཀྱི་ངོས་ནས་རྩ་ཁྲིམས་དང་སྲོལ་ཡིག་སོགས་གང་ཞིག་ཡིན་ཀྱང་བོད་པ་ཚོར་དབྱེ་འབྱེད་ཆེན་པོ་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་དང་ལས་རིགས་ཁག་ལ་ཞུགས་པར་ཚང་མ་འདྲ་མཉམ་ཡིན་སྐོར་བཀོད་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་ནང་དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་སོགས་དང་རྩ་འགལ་དུ་གྱུར་བའི་མི་རིགས་དབྱེ་འབྱེད་ཀྱི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org