ལྷ་སའི་སློབ་ཆུང་ཞིག་གི་དགེ་རྒན་མེ་ཏོག་ལགས་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར།
2020.06.29
༼ང་ཚོས་གནས་ཚུལ་འདིའི་འབྱུང་ཁུངས་ལ་བསྐྱར་ནན་གྱི་རྩད་གཅོད་བྱས་རྗེས་གཞི་ནས་མེ་ཏོག་ལགས་ཀྱི་འདྲ་པར་མཐུན་འགྱུར་གནང་བ་བེད་སྤྱོད་བྱས་པ་ཡིན་ལ། གནས་ཚུལ་འདི་ཐོག་མར་སྤེལ་མཁན་རྒྱ་ཡིག་གི་དྲ་རྒྱ་སོགས་ཡང་པར་དེ་བེད་སྤྱོད་བྱས་འདུག འོན་ཀྱང་ད་ཆ་འདྲ་པར་འདི་དངོས་འབྲེལ་བོད་པའི་བུད་མེད་དེ་ཡིན་མིན་ཐད་དོགས་སློང་བྱུང་བར་བརྟེན། ང་ཚོས་གནས་སྐབས་འདྲ་པར་དེ་ཕྱིར་བསྡུ་བྱས་ནས་མུ་མཐུད་དུ་ཞིབ་རྩད་བྱ་རྒྱུ་ཡིན་པ་དགོངས་འཇགས་ཞུ། དྲ་རྒྱའི་ཐོག་དགོངས་ཚུལ་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ།༽
ལྷ་སའི་སློབ་ཆུང་ཞིག་གི་དགེ་རྒན་མེ་ཏོག་ལགས་ཀྱིས་ངོ་དེབ་བརྒྱུད་བོད་ནང་གི་གནས་ཚུལ་བརྒྱུད་འགོད་བྱས་བ་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་སྤེལ་བྱས་བར་བརྟེན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་སློབ་ཆུང་ཞིག་གི་དགེ་རྒན་མེ་ཏོག་ལགས་ཀྱིས། ལོ་ངོ་ཁ་ཤས་རིང་(VPN)་མཉེན་ཆས་བེད་སྤྱོད་བྱས་ནས་ངོ་དེབ་(Face Book)་བརྒྱུད་སྐལ་བཟང་མེ་ཏོག་ཞེས་བའི་མིང་ཐོག་བོད་ནང་གི་གནས་ཚུལ་བརྒྱུད་འགོད་བྱས་བ་དང་། དེ་བཞིན་ཕྱི་ཕྱོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་སོགས་ཀྱིས་སྤེལ་བའི་བོད་དང་འབྲེལ་བའི་གསར་འགྱུར་རྒྱ་ཡིག་གི་ནང་བརྒྱུད་སྤེལ་བྱས་བ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་རྗེས། སྤྱི་ལོ་༢༠༡༦་ལོར་ཁོ་མོ་སློབ་གྲྭའི་དགེ་རྒན་གྱི་ལས་གནས་ནས་ཕྱིར་ཕུད་བྱས་བ་དང་། དེའི་རྗེས་རིང་པོ་མ་སོང་བར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཙན་ཁྲིད་བྱས་བ་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། ད་བར་ལོ་ངོ་བཞི་ལྷག་གི་རིང་ཁོ་མོ་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཐག་གཅོད་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་གསལ་བོ་མེད་པར་ལུས་ཡོད་པ་རེད།
ད་དུང་གནས་ཚུལ་ངོ་སྤྲོད་པས་གསུང་ན། མེ་ཏོག་ལགས་ཀྱིས་དེ་སྔ་ངོ་དེབ་བརྒྱུད་བོད་ཕྱི་ནང་གི་དངོས་ཡོད་གནས་ཚུལ་དང་གསར་འགྱུར་རྒྱ་ཡིག་གི་ལམ་ནས་བརྒྱུད་སྤེལ་བྱས་བས། རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་མང་པོ་དང་རྒྱ་ཡིག་ཤེས་མཁན་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ངོ་སྤྲོད་གནང་བྱུང་།
སྤྱིར་བཏང་རྒྱ་ནག་དང་བོད་ནང་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲ་རྒྱ་དང་། དེ་བཞིན་འཛམ་གླིང་ཡོངས་ཁྱབ་ཀྱི་སྤྱི་ཚོགས་རྒྱ་དྲ་ངོ་དེབ་སོགས་བེད་སྤྱོད་བྱེད་མི་ཐུབ་བར་བཀག་སྡོམ་བྱས་ཡོད་པ་དང་། བཀག་སྡོམ་བྱས་ཡོད་པའི་ཕྱིའི་དྲ་ལམ་ཁག་ལ་འཛུལ་བར་གསང་བའི་ངང་(VPN)་སོགས་བཀག་གཏོར་མཉེན་ཆས་བེད་སྤྱད་ན་མ་གཏོགས་འཛུལ་ཐུབ་ཀྱི་མེད་པ་རེད། ཡིན་ཡང་རྗེས་སུ་རྒྱ་ནག་གཞུང་གིས་བཀག་རྒྱ་ཡོད་པའི་དྲ་ལམ་ཁག་ལ་འཛུལ་བྱེད་གཉེན་ཆས་(VPN)་སོགས་གཉེན་ཆས་རིགས་རྣམས་ཡང་རྒྱ་ནག་དང་བོད་ནང་བཀག་སྡོམ་བྱས་ཡོད་པ་རེད།