ཐེ་ལྦན་དུ་བོད་ཀྱི་ཆོས་ཚོགས་ཁག་གི་ཞུགས་མོལ་ཚོགས་འདུ་།
2011.12.06
༄༅།།ཐེ་ལྦན་གྱི་རྒྱལ་ས་ཐཡེ་པེར་རྟེན་གཞི་བྱེད་པའི་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཐེ་ལྦན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དེ་ཚུགས་འདུག།
དེ་ཡང་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་གཞིགས་ན་ ཐེ་ལྦན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་འདུས་པའི་ཞུགས་མོལ་ཚོགས་འདུ་ཞིག་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཐོག་བསྐོང་ཚོགས་གནང་ཡོད་འདུག་པ་དང༌། ཞུགས་མོལ་ལྷན་ཚོགས་ཐོག་ཆོས་ལུགས་རིས་མེད་ཀྱི་ཆོས་ཚོགས་ཁག་ནས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས་བཅས་མི་གྲངས་ ༡༦ ལྷན་འཛོམས་ཐོག་ཚོགས་བཅར་བ་ཡོངས་ནས་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་ཞིང་། ཚོགས་ཞུགས་ཡོངས་ཀྱིས་ཁ་གཅིག་གྲགས་ཐོག་ནས་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་གལ་ཆེ་ཡིན་པ་དང་ དེང་སྐབས་སྔོན་མ་དང་མི་འདྲ་བར་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཆོལ་ཁ་ཆོས་ལུགས་དབར་གྱི་མཐུན་ལམ་ཡག་ཏུ་སོང་ཡོད་རུང་མ་འོངས་མུ་མཐུད་ཤུགས་སྣོན་རྒྱག་དགོས་རྒྱུ་དང་། ཐེ་ལྦན་ནང་བོད་བརྒྱུད་ནང་ཆོས་སྤེལ་ཕྱོགས་དང་ཐུགས་སྣང་དགོས་པའི་གནད་དོན་སྐོར་ལ་ས་གནས་ཡུལ་མིའི་རིག་གཞུང་དང་བསྟུན་ཏེ་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་དམར་ཟས་དང་། ན་བཟའ་བཞེས་ཕྱོགས། ཀུན་སྤྱོད་སོགས་ལ་ཐུགས་གཟབ་གནང་དགོས་སོགས་ལ་མོས་མཐུན་གནང་འདུག་ལ། དེ་བཞིན་སྐབས་རེ་གསར་ལམ་ཁག་ཏུ་བོད་ཀྱི་ནང་ཆོས་སྐོར་གནས་ཚུལ་མ་འགྲིག་པ་ཐོན་དུས་སྐབས་འཕྲལ་གསལ་བཤད་མ་བྱས་ཚེ་མི་བདེན་པའི་གནས་ཚུལ་དེ་ངོས་ལེན་བྱེད་པའི་མཐོང་སྣང་བྱུང་སྲིད་པར་བརྟེན་ མི་བདེན་པའི་གནས་ཚུལ་དེ་རིགས་ཐོན་སྐབས་དུས་ཐོག་གསལ་བཤད་བྱེད་རྒྱུ་གལ་ཆེ་ཡིན་པ་དང་དེ་བཞིན་ཚོགས་ཞུགས་པས་ས་གནས་ཀྱི་རིག་གཞུང་དང་ཡུལ་མིས་བོད་ཀྱི་ནང་ཆོས་སྐོར་གྱི་དོགས་འདྲིའམ་སྐྱོན་བརྗོད་སྐོར་གསལ་བཤད་འགྲེལ་བརྗོད་བྱེད་སྟངས་སོགས་ལ་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་གནང་བ་དང་། དེ་ནས་འདས་པའི་ལོ་ཤས་ནང་ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་ལ་ཆེད་དུ་དམིགས་ནས་མཚན་སྨད་ལོག་འགྲེལ་དང་། ལོག་འགྲེལ་གྱི་ཡིག་ཆ་ས་ཡ་མང་པོ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དེ་དག་སྐོར་གླེང་སྐབས། ཚང་མས་དེ་མུར་འཇོག་ཐབས་མེད་པར་གདོང་ལེན་དགོས་ངེས་དང་། གདོང་ལེན་བྱེད་སྟངས་སྐོར་འཆར་ལོ་ཕྱི་ཟླ་གསུམ་པའི་ནང་ཐེ་ལྦན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལོ་འཁོར་ཚོགས་ཆེན་དང་སྟབས་བསྟུན་ཡང་བསྐྱར་ལས་འཆར་ཁག་སྤྱི་མོས་རྒྱ་ཆེ་ཡོང་ཐབས་གནང་སྟེ་ ཕྱི་ཟླ་ ༤ པའི་ནང་སླར་ཡང་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་ཞིག་གོ་བསྒྲིག་གནང་སྟེ་ དེའི་ཐོག་དགོང་འཆར་ཐག་གཅོད་ཡོང་ཐབས་གནང་རྒྱུར་མོས་མཐུན་བྱུང་འདུག།