ལྡི་ལིའི་བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་མེ་ཡིས་ཚིག་འདུག
2016.11.07

*གནས་ཚུལ་ཁ་སྣོན།
དེ་ཡང་སྤྱི་ཟླ་༡༡་ཚེས་༨་ཉིན་གྱི་མཚན་གུང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ལཱ་ལི་ཀེ་ལའི་LalQilaབོད་མིའི་ཁྲོམ་རའི་གློག་སྐུད་ལ་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ཐོག་ལྷགས་པ་ཆེན་པོ་བརྒྱབ་སྟེ་མེ་གསོད་མ་ཐུབ་པར་བརྟེན། དེར་ཡོད་པའི་བོད་མིའི་དགུན་ཚོང་ཁྲོམ་རའི་ཚོང་ཁང་༡༣༨་ཡོངས་སུ་ཚིག་འདུག
ད་ལྟའི་ཆར་ཁྲོམ་རའི་བོད་མི་ཚང་མ་སེམས་སྡུག་ཆེན་པོའི་ནང་ལྷུང་ཡོད་ལ། ཚོང་རྫས་ཡོད་ཚད་ཚིག་སྟེ་བུ་ལོན་གྱི་སྒང་ལ་བུ་ལོན་ཆགས་ཏེ། རྐང་པའི་སྒང་ལ་ཡར་ལངས་མ་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་ཁྱོན་ཧིན་སྒོར་ས་ཡ་༡༢༠་ཙམ་གྱི་དཔལ་འབྱོར་གྱི་གྱོང་གུད་ཕོག་ཡོད་པར་བརྟེན་ཕྱི་རྒྱལ་གྱི་ཡུལ་གྲུ་གང་སར་བཞུགས་པའི་བོད་མི་ཚོས་མ་སྐུལ་དྭང་བླངས་ཀྱི་སྒོ་ནས་ལཱ་ལི་ཀེ་ལའི་བོད་མི་སུད་ཚོང་བ་ཚོར་ཆེ་ཆུང་ལ་མ་ལྟོས་པའི་རོགས་རམ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུག
དོན་རྐྱེན་དེ་བྱུང་རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་བྱས་པའི་འབྲེལ་ཡོད་ཀྱི་ལས་ཁང་ལ་གནས་ཚུལ་སྙན་གསེང་ཞུས་ཡོད་ཅིང་། ལྡི་ལིའི་སྐུ་ཚབ་དོན་གཅོད། བསམ་ཡས་གླིང་གི་ས་གནས་མགོ་འཛིན་དང་བརྒྱ་དཔོན། རང་བདེན་ཚོགས་ཆུང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཡུལ་དངོས་སུ་ཕེབས་ཏེ་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་དང་། ཤེས་རིག་བཀའ་བློན་མཆོག་ནས་ད་ལན་གནས་ཚུལ་སྡུག་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། གནས་སྟངས་ཆ་ཚང་ཡར་བཀའ་ཤག་ལ་ཞུ་རྒྱུ་ཡིན་ཞིང་། ད་ལོའི་དགུན་ཚོང་མགོ་བཙུགས་ཙམ་ཡིན་པས་མི་མང་གིས་བསམ་བློ་རྒྱ་ཆེན་པོ་གཏང་ནས་ཁྲོམ་ར་བསྐྱར་གསོ་གནང་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་སོགས་གནང་ཡོད་འདུག་ལ། རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་གིས་ཀྱང་ཐུགས་ཁུར་གནང་བཞིན་ཡོད་འདུག
དེ་དང་ཕྱོགས་མཚུངས་སྤྱི་ཚོགས་དྲ་ལམ་བརྒྱུད་ལྡི་ལི་བསམ་གཡས་གླིང་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་མཆོག་ནས་ཀྱང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གཙོས་རྒྱ་གར་གྱི་འབྲེལ་ཡོད་ཚོར་དོ་ཕོག་བྱུང་བའི་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ལཱ་ལི་ཀེ་ལའི་བོད་མིའི་ཁྲོམ་ས་དེ་ཕྱི་ལོ་༡༩༦༨་ལོ་ནས་བཟུང་བོད་མིས་ཚོང་ལས་བྱེད་རྒྱུ་མགོ་བཙུགས་ཤིང་། ད་ལྟའི་བར་ལོ་ངོ་༤༨་ཙམ་ཕྱིན་པའི་བོད་མི་སུད་ཚོང་བའི་ཁྲོམ་ས་རྙིང་ཤོས་ཤིག་ཆགས་ཡོད་ཅིང་། ཁྲོམ་ར་དེར་ལ་དྭགས་དང་རང་དབང་ལ། བཞུགས་སྒར་རྡ་རམ་ས་ལ། དྷ་ལ་ཧོ་སི། མ་སུ་རི། ཅན་དྷི་སྒར། རྡེ་ར་རྡུན། ཤི་རི་ནཱ་སྒར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སོགས་ནས་ཡོང་བའི་བོད་མི་སུད་ཚོང་བ་མཉམ་འདུས་ཀྱི་ཚོང་ར་ཞིག་ཡིན་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་། ཀེ་ཐོ།
གནས་ཚུལ་ཐོན་རིམ་དང་པོ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལཱ་ལི་ཀེ་ལ་བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་མེ་ཡིས་ཚིག་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ས་གནས་ནས་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༡་ཚེས་༨་ཉིན་གྱི་མཚན་གུང་ཆུ་ཚོད་དང་པོ་ཡོལ་ཙམ་ལ། གློ་བུར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལཱ་ལི་ཀེ་ལ་བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་མེ་ཡིས་ཚིག་ཡོད་འདུག ཁྲོམ་ར་དེར་བོད་མི་དགུན་ཁའི་གྱོན་པ་བཙོང་མཁན་གཙོས་དགུན་ཚོང་བ་༡༣༨་ཙམ་གྱི་ཚོང་ཁང་ཡོད་པ་དང་། དགུན་དུས་སླེབས་ལ་ཉེ་བས་ཚོང་པ་ཚོས་ཚོང་ཟོག་མང་པོ་བསྒྲིགས་ཡོད་པ་ཡོངས་སུ་འཚིག་ནས་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཕོག་ཡོད་པ་རེད། འོན་ཀྱང་མི་ལ་སྐྱོན་ཆག་བྱུང་བའི་གནས་ཚུལ་གནས་སྐབས་ཤེས་རྟོགས་མི་འདུག་ལ་མེ་སྐྱོན་ཐད་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་ཡིན།
གསར་འགོད་པ་ཀླུ་འབུམ།