བོད་རིགས་སློབ་མས་བོད་རྒྱ་སྐད་གཉིས་སློབ་གསོ་གཙིགས་འཛིན་དགོས་པའི་འབོད་སྐུལ།


2018.05.26
བོད་རིགས་སློབ་མས་བོད་རྒྱ་སྐད་གཉིས་སློབ་གསོ་གཙིགས་འཛིན་དགོས་པའི་འབོད་སྐུལ། ༢༠༡༠་ལོར་མདོ་སྨད་རེབ་གོང་དུ་སློབ་མ་སྟོང་ཕྲག་མང་པོས་སྐད་ཡིག་རང་དབང་དགོས་པའི་ངོ་རྒོལ་སྐབས།
དབུས་བོད་མིའི་སྒྲིག་འཛུགས།

༄༅། །མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་འགའི་བོད་རིགས་སློབ་མས་རེ་འདུན་ཡི་གེ་ཞིག་ཕུལ་ནས་ས་གནས་གཞུང་གིས་བོད་རྒྱ་སྐད་གཉིས་སློབ་གསོ་ལ་གཙིགས་འཛིན་དང་སྐད་གཉིས་དགེ་རྒན་བསྡུ་ལེན་བྱེད་དགོས་པ་མ་ཟད་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དངོས་སུ་ལག་ལེན་དུ་བསྟར་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་སྤྱི་ཟླ ༥ པའི་ཚེས ༢༥ ཉིན། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འབྲེལ་ཡོད་མི་སྣ་ཞིག་གིས་གསང་བའི་ལམ་ནས་སྤྲད་པའི་རེ་འདུན་ཡི་གེ་དེའི་ནང་དུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་འགའི་བོད་རིགས་སློབ་མས་ཉེ་ལམ་རེ་འདུན་ཡི་གེ་ཞིག་ས་གནས་གཞུང་ལ་ཕུལ་ནས་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་བོད་རྒྱ་སྐད་གཉིས་སློབ་གསོར་གཙིགས་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག སློབ་གསོའི་རྩ་བ་དགེ་རྒན་ལ་ཐུག་ཡོད་པས། ས་གནས་གཞུང་གིས་སྐད་གཉིས་དགེ་རྒན་བསྡུ་ལེན་མི་བྱེད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་དགོས་པའི་དགོས་འདུན་བཏོན་འདུག
རེ་འདུན་ཡི་གེ་དེའི་ནང་། ༢༠༡༨ ལོར་མཚོ་ཤར་གྲོང་ཁྱེར་གྱིས་སློབ་ཆུང་དགེ་རྒན ༣༥༩ བསྡུ་ལེན་བྱས་ཡོད་ཀྱང་། དེའི་ཁྲོད་བོད་རྒྱ་སྐད་གཉིས་དགེ་རྒན་གཅིག་ཀྱང་མེད་པས། ཧ་ཅང་བློ་ཕམ་ཡོད་ཅེས་བཀོད་འདུག
རེ་འདུན་ཡི་གེ་ལས་གསལ་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཁག་བཞི་ན་བོད་རིགས་མི་འབོར ༡༠༠༠༠༠ ལྷག་ཡོད་པ་དང་། ཞོན་ཧྭའམ་ཡ་ཛི་རྫོང་དང་དཔའ་ལུང་ངམ་བ་ཡན་རྫོང་གཉིས་ན་བོད་རྒྱ་སྐད་གཉིས་སློབ་གྲྭ ༡༠༠ ལྷག་ཡོད་པ་དང་། དེའི་ཁྲོད་མཐོ་འབྲིང་སློབ་གྲྭ ༢ དང་དམའ་འབྲིང་སློབ་གྲྭ ༤ བཅས་ཡོད་ཅིང་། ཁྱོན་བསྡོམས་པའི་སློབ་མ ༩༨༠༠ ཡོད་མོད། འོན་ཀྱང་སྐད་གཉིས་དགེ་རྒན ༢༧༠ ལྷག་ལས་མེད་པ་མ་ཟད། དེའི་ཁྲོད་ཚབ་ཁྲིད་དགེ་རྒན ༡༠༦ ཡོད་པ་དེས་སྐད་གཉིས་དགེ་རྒན་གྱི ༤༠% ཟིན་ཡོད་འདུག ཚབ་ཁྲིད་དགེ་རྒན་དེ་དག་ནི་ཆེད་སྦྱོང་དགེ་རྒན་མ་ཡིན་པ་དང་། དགེ་རྒན་དང་སློབ་མའི་བསྡུར་ཚད་དེ་དགེ་རྒན ༡ ལ་སློབ་མ ༣༠འི་ཚད་ཐིག་ལ་སླེབས་མ་ཐུབ་པའི་དབང་གིས་དགེ་རྒན་ཉུང་དྲགས་པའི་གནས་སྟངས་ཆགས་ཡོད་འདུག
རེ་འདུན་ཡི་གེས་དྲངས་པའི་དཔེ་མཚོན་ཞིག་ཏུ། ཡ་ཛི་རྫོང་གི་འཛུགས་སྐྲུན་ཐང་སློབ་གྲྭའི་དགེ་རྒན ༡༤འི་ཁྲོད་ཚབ་ཁྲིད་དགེ་རྒན ༡༠ ཡོད་པས། དེས་སློབ་གྲྭ་དེའི་དགེ་རྒན་གྱི ༧༠% ཡན་ཟིན་ཡོད་པ་རེད།
དེ་མིན་རེ་འདུན་ཡི་གེས་ས་གནས་གཞུང་གིས་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དངོས་སུ་ལག་ལེན་དུ་བསྟར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། རེ་འདུན་ཡི་གེའི་ནང་། གོང་ཞུས་དངོས་ཡོད་གནས་སྟངས་ལ་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱིས་ཅིའི་ཕྱིར་སྐད་གཉིས་སློབ་གསོ་ལ་གཙིགས་འཛིན་མ་བྱས་པ་ང་ཚོ་བོད་རིགས་མི་དམངས་ཀྱི་བློ་ཡུལ་ལ་དཔོག་དཀའ་ཞིང་། སློབ་གསོའི་རྩ་བ་དགེ་རྒན་ལ་ཐུག་ཡོད་དུས། འོ་ན། ཅིའི་ཕྱིར་སྐད་གཉིས་དགེ་རྒན་བསྡུ་ལེན་མ་བྱས་པ་ཡིན་ནམ། མི་རིགས་ཚང་མ་འདྲ་མཉམ་ཡིན། མཐུན་སྒྲིལ་ཡོད་ཟེར་མོད། འོན་ཀྱང་སྐད་ཡིག་འདྲ་མཉམ་མ་ཡིན་དུས། ང་ཚོས་ག་འདྲ་བྱས་ནས་འདྲ་མཉམ་དང་མཐུན་སྒྲིལ་བྱེད་དགོས་སམ་ཞེས་སོགས་བཀོད་ཡོད་འདུག
༢༠༡༠ལོར་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སློབ་གྲྭ་ཁག་ཏུ་བོད་སྐད་ཀྱི་བསླབ་གཞི་གཅིག་པུ་ལས་བསླབ་གཞི་གཞན་ཚང་མ་རྒྱ་ཡིག་གིས་ཁྲིད་དགོས་པའི་སྲིད་ཇུས་གཏན་འབེབས་བྱས་སྟབས། སྐབས་དེར་མདོ་སྨད་རེབ་གོང་དང་མཚོ་ལྷོ་སོགས་སུ་བོད་རིགས་སློབ་མས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་ཤིང་། དེ་ནས་མཚོ་སྔོན་ཞིང་ཆེན་གཞུང་གིས་སྲིད་ཇུས་དེ་གནས་སྐབས་རིང་ཕྱིར་འགྱངས་བྱས་པ་རེད།།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎