བོད་ནང་རྒྱ་མི་རིགས་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་བོད་རིགས་སློབ་ཐོན་སློབ་མ་རྣམས་ལ་གཞུང་གི་ལས་ཀ་རག་རྒྱུའི་ཐད་མུ་མཐུད་དུ་དཀའ་ངལ་འཕྲད་བཞིན་ཡོད་འདུག
ཉེ་ལམ་སྤྱི་ཟླ་༦་པའི་ཚེས་༡་ཉིན་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ། གཞུང་ཞབས་ཀྱི་ཡིག་རྒྱུགས་ཤིག་བཀོད་སྒྲིག་བྱས་བའི་ནང་རྒྱ་རིགས་དང་བོད་རིགས་གཉིས་ཀ་ཚུད་པའི་ཁྱོན་བསྡོམས་མི་གྲངས་༢༨༦་ལས་གསར་བསྡུ་བྱེད་རྒྱུ་མིན་པ་གསལ་བསྒྲགས་སྤེལ་ཡོད་པ་བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་སོང་ལ། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་དུ་མི་འབོར་ས་ཡ་༧་མ་ཟིན་ཙམ་ཡོད་པ་ལས། ཕྱེད་ཀ་ལྷག་ཙམ་རྒྱ་མི་ཡིན་པ་རྒྱ་ནག་གི་མི་འབོར་ཞིབ་བཤེས་ནང་གསལ་སྟོན་བྱས་ཡོད་པ་དང་། གཞུང་ཞབས་ཀྱི་ཡིག་རྒྱུགས་ནང་རྒྱ་མི་དང་བོད་རིགས་གཉིས་ཀ་ཞུགས་ཆོག་གི་ཡོད་པའི་ཁར། ཚུད་རྒྱུགས་ཀྱི་འདྲི་ཤོག་ཀྱང་རྒྱ་ཡིག་རྐྱང་པའི་ཐོག་བཀོད་ཡོད་པས། ཡིག་རྒྱུགས་གཏོང་མཁན་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཡོད་པ་མ་ཟད། རྒྱ་མིའི་མི་འབོར་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་གཞུང་གི་ལས་ཀ་ཙམ་མིན་པར། གང་ཅིའི་ཐད་ནས་བོད་མི་ཚོར་གྱོང་གུན་རག་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
འདས་ལོ་༢༠༢༠་ལོའི་ནང་བོད་ལྷ་ས་ལའི་ཁུལ་དུ་གཞུང་ཞབས་ཡིག་རྒྱུགས་ཐོག་མཉམ་ཞུགས་གནང་མཁན་བོད་རིགས་སློབ་མ་ཁག་ཅིག་ནས་འབྲེལ་ཡོད་ཚན་པར་སྙན་ཞུ་ཕུལ་ཏེ་བོད་རིགས་གཙོ་གནས་བྱེད་ཡུལ་ས་ཁུལ་དུ་བོད་སྐད་དང་། བོད་ཡིག་གཙོ་བོ་ཡིན་པའི་ཚུད་རྒྱུགས་ཀྱི་འདྲི་ཤོག་དགོས་གལ་ཆེ་བའི་སྐོར་རེ་འདུན་བཏོན་ཡོད་ཀྱང་གཞུང་ཕྱོགས་ནས་ཡ་ལན་གང་ཡང་གནང་མེད་པ་གོང་ཞུས་བོད་མི་ཁོང་གིས་འགྲེལ་བརྗོད་གནང་སོང་ལ། འདི་གའི་རླུང་འཕྲིན་ཁང་ནས་བོད་རིགས་སློབ་མ་དེ་དག་གིས་རྒྱ་གཞུང་ལ་བྲིས་པའི་སྙན་ཞུ་དེ་རག་ཐབས་ཞུས་ཀྱང་དམ་དྲག་ཀྱི་དབང་གིས་ལག་སོན་བྱུང་མ་སོང་།
སྤྱིར་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་དུ་གཞུང་གི་ལས་ཀ་དང་འབྲེལ་བའི་ཡིག་རྒྱུགས་དེ་བཞིན་ལོ་རེའི་ནང་ཐེངས་གསུམ་ཙམ་གཏོང་སྲོལ་ཡོད་འདུག་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བོད་མི་གཞན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མཐོ་སློབ་ཐོན་ཟིན་པའི་བོད་རིགས་སློབ་མ་མང་ཆེ་བས་ཨང་དང་པོར་གཞུང་གི་ལས་ཀ་རག་ཐབས་གནང་གི་ཡོད་ཀྱང་། རྒྱ་གཞུང་ཕྱོགས་ནས་གཞུང་ཞབས་ཀྱི་ཡིག་རྒྱུགས་གཏོང་མཁན་བོད་མི་རྣམས་ལ་རིག་གནས་ཀྱི་ཆུ་ཚད་ཡོད་མིན་ལ་མ་བལྟོས་པར་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཙང་མ་དགོས་རྒྱུ་སོགས་ཆ་རྐྱེན་མང་པོ་ཞིག་བཞག་པའི་དབང་གིས་བོད་པའི་སློབ་ཐོན་སློབ་མ་མང་པོ་ཞིག་ཡིག་རྒྱུགས་ནང་མཉམ་ཞུགས་ཐུབ་ཀྱི་མེད་པ་ཟད། ཐ་ན་རང་ཉིད་ཀྱི་ཁྱིམ་ཚང་ནང་དུ་གྲྭ་པ་དང་ཨ་ནེ་རིགས་ཡོད་པ་ཡིན་ན་གཞུང་ཞབས་ཡིག་རྒྱུགས་ནང་ཞུགས་ཆོག་གི་མེད་པ་འགྲེལ་བརྗོད་གནང་སོང་།
ཡང་གོང་ཞུས་གནས་ཚུལ་ཐད་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཤེས་ཡོན་སྲིད་བྱུས་ཐད་ཉམས་ཞིབ་གནང་མཁན་ཀརྨ་བསྟན་འཛིན་ལགས་ཀྱིས། བོད་ནང་དུ་གཞུང་གི་ལས་ཀ་རག་པར་བོད་མི་ཚོས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་དང་། ལྷག་པར་དུ་བོད་རིགས་སློབ་མ་སོ་སོས་སློབ་སྦྱོང་བྱས་པ་བཞིན་ལས་ཀ་བྱེད་ཡ་འདོད་པ་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་སློབ་མའི་སློབ་སྦྱོང་ལས་ལྷག་པ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
མདོར་ན་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་པའི་སློབ་ཕྲུག་ཚོར་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དང་མཐུན་པའི་ཤེས་ཡོན་སློབ་ཁྲིད་བྱེད་ཕྱོགས་དང་། རྒྱ་རིགས་འབོར་ཆེན་བོད་ནང་དུ་སྤུས་ཤུགས་བྱས་པ་། དེ་བཞིན་གཞུང་གི་ལས་ཀ་བཀོད་སྒྲིག་དང་འབྲེལ་བའི་སྲིད་བྱུས་དེ་དག་གི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་བརྗེ་སྒྱུར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་སྲིད་བྱུས་ཡིན་པ་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
0:00 / 0:00