བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུད་འཛིན་སོགས་གྲོས་ཆོད་དོན་ཚན་བརྒྱད་བཞག་འདུག
འདི་ཟླའི་ཚེས་༡༠ནས་༡༥བར་དཔལ་གཤེན་བསྟན་སྨན་རི་གླིང་དུ་སྐབས་བཅོ་ལྔ་པའི་བཙན་བྱོལ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐོང་འཚོགས་ཀྱིས། ཚོགས་འདུའི་ཐོག་ས་གནས་འདྲ་མིན་ནས་ཕེབས་མཁན་སློབ་མ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ལོ་ལྟར་འཆར་གཞི་ལྡན་པའི་ཐོག་ནས་སློབ་གྲྭ་ཁག་ཏུ་བོད་ཀྱི་དངོས་བྱུང་ལོ་རྒྱུས་འཆད་འཁྲིད་དང་ཟབ་སྦྱོང་གནང་གལ་ཆེ་བ་སོགས་གྲོས་ཆོད་དོན་ཚན་མི་འདྲ་བ་བརྒྱད་ཙམ་བཞག་ཡོད་ཅེས་སྐབས་བཅོ་ལྔ་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་གོ་སྒྲིག་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་ནས་གསུངས་སོང་།
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུའི་ནང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ལ་ཆེད་དུ་དམིགས་ནས་ཞབས་སྟེགས་འཇོག་གི་ཡོད་མོད། ད་བར་སུ་གཅིག་མཉམ་ཞུགས་བྱེད་མཁན་བྱུང་མེད་སྟབས། མ་འོངས་པའི་ཆར་རྒྱ་བལ་འབྲུག་གསུམ་ཙམ་མ་ཡིན་པར་ཤར་ནུབ་ཡུལ་གྲུ་ཚང་མའི་མཐོ་རིམ་སློབ་མ་རྣམས་མཉམ་ཞུགས་ཐུབ་ཆེད་དངོས་སུ་ངོ་བཅར་དང་དྲ་ཐོག་ནས་མཉམ་ཞུགས་བྱེད་ཆོག་པ་བཅས་ཀྱི་མཐུན་འགྱུར་ཞུ་རྩིས་ཡོད་ཅེས་གསུང་གི་འདུག
ཚོགས་འདུ་མཇུག་སྡོམ་གྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ད་བར་ཚོགས་འདུའི་ཆེད་དུ་མཐུན་འགྱུར་རོགས་རམ་གནང་མུས་ཡིན་པ་དང་། མ་འོངས་པའི་ཆར་ཡང་དགོས་ངེས་བྱུང་ན་མཐུན་འགྱུར་གནང་དགོས་པ་ལས་འགན་ཆགས་ཡོད་སྐོར་གསུང་གནང་སོང་།
རྩ་བའི་ཚོགས་འདུའི་ཆེད་དུ་བོད་མིའི་སྒྲིག་འཛུགས་དང་ཁུངས་སོ་སོ་ནས་མཐུན་འགྱུར་རོགས་རམ་གནང་བ་ཙམ་ལས། གཞན་དཔལ་འབྱོར་གྱི་གཞི་བརྟེན་གང་ཡང་མེད་དུས་དེའི་ཐད་གཞུང་སྒེར་ཚང་མས་རོགས་རམ་སྔར་ལྷག་བྱེད་ཐུབ་དགོས་པ་དང་། སློབ་མ་སོ་སོས་ངོས་ནས་ཀྱང་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་དུ་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་གང་མང་ཐོན་ཐུབ་ཐབས། བོད་དོན་འཐབ་རྩོད་ཐད་སེམས་ཤུགས་བརྟན་པོ་དགོས་པ་གལ་ཆེན་ཡིན་པ་དང་། ཚོགས་འདུ་འདི་བཞིན་སྤྱི་སྒེར་ཚང་མ་ཕན་ཐོགས་ཆེ་བས་ཚང་མས་རྒྱབ་སྐྱོར་དགོས་གལ་ཆེ་བ་སོགས་གསུངས་སོང་།
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་འདི་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་བོད་པའི་སློབ་མ་རྣམས་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་ཡོང་སླད། མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་མ་སྟོང་ཕྲག་ཁ་ཤས་ཡོད་པ་རྣམས་ཀྱི་དཀའ་ངལ་གི་གནས་སྟངས་རྒྱུས་ལོན་གསལ་པོ་ཡོང་ཆེད། སྤྱི་ལོ་༢༠༠༦ལོར་གསར་འཛུགས་ཀྱིས་ལོ་ལྟར་སྐོང་འཚོགས་གནང་མུས་ལ། འདས་པའི་ལོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་སྐོང་འཚོགས་གནང་ཐུབ་མེད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་མཐོ་སློབ་ཁག་༢༥ནས་ཁྱོན་ཚོགས་བཅར་བ་སློབ་མ་༩༠ལྷག་ཙམ་མཉམ་ཞུགས་གནང་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།