བོད་ནང་གི་སློབ་མ་མང་པོ་གུང་སེང་སྐབས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་པར་བཀོལ་བཞིན་འདུག

2022.02.23
བོད་ནང་གི་སློབ་མ་མང་པོ་གུང་སེང་སྐབས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་པར་བཀོལ་བཞིན་འདུག སློབ་མ་ཚོ་གུང་སེང་སྐབས་བཀོལ་བའི་ཡིག་ཆ།
བོད་འབྱོར།/RFA

གནས་ཚུལ་ཁ་གསབ༽                     དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་ལྟར། སློབ་མ་ཚོ་ཉེ་ལམ་དགུན་ཁའི་གུང་སེང་སྐབས་མཐོ་འབྲིང་དང་སློབ་ཆེན་ཁག་ནས་ཁྲིད་པའི་ཆབ་སྲིད་སློབ་གསོའི་ནང་དོན་དག་ས་གནས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས་བ་མངགས་ཡོད་པ་དང་། ཟི་ཁྲོན་ཞིང་ཆེན་རྔ་བ་ཕྱོགས་ཀྱི་སློབ་གྲྭ་ཞིག་གིས་ཉེ་ལམ་སྤྱི་ཟླ་༡༢་བའི་ཚེས་༡༧་ཉིན་སློབ་གྲྭའི་སློབ་མ་ཚོ་དགུན་ཁའི་གུང་སེང་གཏོང་སྐབས་ཡིག་ཐོག་བརྒྱུད་བཀོད་ཁྱབ་བཏང་བའི་ནང་། གུང་སེང་སྐབས་ཕ་ཡུལ་ནས་ཐོག་མར་སློབ་གྲྭའི་ཀུན་སྤྱོད་དོན་ཚན་སོ་བདུན་པའི་བླང་བྱ་ལྟར། སྤྱོད་ལམ་ཡག་པོ་བྱས་བའི་ཐོག་ནས། སློབ་གྲྭ་ནས་སློབ་སྦྱོང་བྱས་མྱོང་བའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་རྒྱ་ནག་དབུས་གཞུང་གི་གྲོས་ཆོད། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛིན་དགོས་པའི་དགོངས་དོན། དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཆབ་སྲིད་སོགས་ཀྱི་འབྲེལ་ཡོད་དོན་ཚན་རྣམས་སོ་སོའི་ས་གནས་མང་ཚོགས་ལ་སློབ་གསོ་དྲིལ་བསྒྲགས་བྱེད་དགོས་བའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། གུང་སེང་གི་ཉིན་ལྔ་ནས་བཅོ་ལྔའི་དུས་ཚོད་སྤྱད་ནས་ས་གནས་མང་ཚོགས་མི་གྲངས་ལྔ་ལས་མི་ཉུང་བར་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་བྱས་ཡོད་པ་སོ་སོའི་ས་གནས་ཀྱི་སྲིད་གཞུང་ངམ་འབྲེལ་ཡོད་མི་སྣས་བྲིས་བའི་བདེན་དཔང་དང་། དེ་མིན་དེའི་སྐབས་ཀྱི་པར་རིས་དང་རྒྱུ་ཆ་སོགས་ཡང་འཁྱེར་ཡོང་དགོས་བའི་བཀོད་ཁྱབ་བཏང་འདུག
དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་ན། སློབ་མ་ཚོས་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དེ་དགུན་ཁའི་གུང་སེང་རིང་ངེས་བར་སྒྲུབ་དགོས་བ་དང་། མ་སྒྲུབ་ན་སློབ་གྲྭ་ནས་སློབ་གྲྭའི་སློབ་མའི་ཀུན་སྤྱོད་སྒྲིག་ཁྲིམས་དང་འགལ་བ་དང་། ཚད་ལྡན་སློབ་མའི་ཆ་རྐྱེན་མ་ཚང་སོགས་ལ་བརྩི་བཞིན་འདུག ཡིན་ན་ཡང་ས་གནས་བོད་མི་མང་པོ་ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་དེར་མི་ཞུགས་པ་དང་། སློབ་མ་ཚོར་མཉམ་ཞུགས་བྱེད་མཁན་མི་རག་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་བརྗོད་བྱུང་།
དེའི་ཐད་ད་ལྟའི་ཆར་ཁེ་ན་ཌར་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་བ་དང་བོད་དོན་ཉམས་ཞིབ་པ་རྒྱལ་ལོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་གནས་ཚུལ་དེ་གོ་ཐོས་བྱུང་། གནས་ཚུལ་དེ་ལྟ་བུ་སྔོན་མ་ནས་ཡོད་ཀྱང་། སྔ་མོའི་དུས་སུ་རྒྱ་ནག་གཞུང་གིས་དམར་ཤོག་ན་གཞོན་ཚོགས་པའི་ཚོགས་མི་སློབ་མ་ཚོ་བེད་སྤྱད་ནས་རོང་འབྲོག་ཁུལ་དུ་ས་གནས་མི་མང་ལ་རོགས་རམ་དང་དམངས་ཁྲོད་དུ་ཡིག་རྨོངས་སེལ་རོགས་བྱེད་ཀྱིན་ཡོད་མོད། ལོ་འགའི་སྔོན་ནས་བཟུང་དེའི་རྣམ་པ་འགྱུར་ཏེ་དབྱར་ཁ་དང་དགུན་ཁའི་གུང་སེང་སྐབས་བོད་ནང་གི་མཐོ་འབྲིང་དང་སློབ་ཆེན་སློབ་མ་ཚོར་ས་གནས་གཞི་རིམ་མང་ཚོགས་ལ་རྒྱ་ནག་གི་ཆབ་སྲིད་དྲིལ་སྒྲོག་བྱེད་འཇུག་གི་འདུག བྱེད་སྟངས་དེ་ལ་བལྟོས་ན། རྒྱ་ནག་གཞུང་གིས་བོད་རིགས་སློབ་མ་ཚོ་བེད་སྤྱད་ནས་བོད་རིགས་མང་ཚོགས་ལ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་གཏོང་བའི་བྱེད་ཐབས་ཞིག་རེད། དེ་ནི་མིའི་ཚོར་བ་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་མང་ཚོགས་ལ་ཤུགས་རྐྱེན་དང་སྟངས་འཛིན་བྱེད་བའི་ལྐོག་ཇུས་ཞིག་ཡིན་པས། དེ་ནི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་དང་བསྡུར་ན་སྡུག་པ་འདུག་བསམ། རིག་གནས་གསར་བརྗེ་ཆེན་མོའི་སྐབས་དྲག་པོའི་ལམ་ནས་ཕྱི་ནས་མཐོང་རྒྱུ་ཡོད་པའི་རིག་གནས་བཀག་སྡོམ་དང་མེད་པར་བཟོས་བ་རེད། ད་ཆ་བསམ་བློའི་གཞི་རྩ་ནས་བོད་རང་གི་ན་གཞོན་བེད་སྤྱོད་བཏང་ནས་བོད་རང་གི་སྤྱི་ཚོགས་དང་རུ་སྡེ་གྲོང་གསུམ་ནང་བོད་ཀྱི་བསམ་བློ་དང་རིག་གནས་མེད་པར་བཟོ་བའི་སྲིད་ཇུས་ཞིག་ཡིན་པ་གསུངས་བྱུང་།
ཡང་ད་ལྟ་ཡོ་རོབ་ཏུ་ཡོད་པའི་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་འདི་གར་གསུངས་ན། རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་བའི་བྱེད་ཐབས་འདྲ་མིན་སྤེལ་དང་སྤེལ་བཞིན་པ་དང་། ད་ཆ་བོད་ནང་གི་བོད་རིགས་སློབ་ཕྲུག་ཚོ་བེད་སྤྱད་ནས་རང་གི་ས་གནས་དང་རུ་སྡེ། ཐ་ན་རང་གི་ཕ་མ་སྤུན་མཆེད་སོགས་ལ་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚབ་ལྟར་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དྲིལ་སྒྲོག་བྱེད་དུ་འཇུག་གི་ཡོད་པས། དེ་ནི་བོད་མི་རིགས་འདི་གཞི་རིམ་ནས་ཤུགས་རྐྱེན་སྤྲོད་ཐབས་དང་དབང་བསྒྱུར་བྱེད་ཐབས་ཞིག་ཡིན་པ་གསུངས་བྱུང་།
ཉེ་བའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་མང་སློབ་མ་ཚོའི་གུང་སེང་སྐབས་གཞུང་གི་ཆོག་མཆན་ཡོད་ན་མ་གཏོགས་གང་བྱུང་བོད་ཀྱི་སྐད་ཡིག་གཙོས་ཟབ་སྦྱོང་རིགས་སྤྲོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། བོད་ཡིག་གཙོ་བོར་འཛིན་པའི་སྒེར་བཙུགས་སློབ་གྲྭ་མང་པོ་སྒོ་རྒྱབ་བཅུག་པ། ས་གནས་ཀྱི་སློབ་གྲྭ་མང་པོ་ཟླ་སྒྲིལ་བཏང་བ། སྐད་ཡིག་རང་དབང་དང་འབྲེལ་བའི་སྐད་ཆ་བཤད་མཁན་བོད་མི་ཚོ་རྒྱ་ནག་གཞུང་གིས་གསང་སྟབས་ཀྱིས་འཛིན་བཟུང་བཀག་ཉར་བྱས་དང་བྱེད་མུས་ཡིན་པ་དང་། དཔེར་ན། ༢༠༢༡་ལོའི་སྤྱི་ཟླ་༨་ཚེས་༢༤་ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཡིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་སློབ་གསོའི་ཚོགས་འདུ་ལ་མ་བཅར་བས་འཛིན་བཟུང་དང་། མགོ་ལོག་དར་ལོག་རྫོང་ནས་བོད་མི་གཞོན་སྐྱེས་འགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་སོགས་བྱས་པ་མ་ཟད། དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་ད་དུང་གནས་སྟངས་གསལ་བོ་མེད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་ན་ནིང་སློབ་གྲྭའི་གུང་སེང་དང་བསྟུན་སློབ་ཕྲུག་ཚོར་སྐད་ཡིག་རིག་གཞུང་ཟབ་སྦྱོང་སྤྲོད་རྒྱུའི་ཚབ་ཏུ་རྒྱ་ནག་གི་དམག་དོན་ཟབ་སྦྱོང་སྤྲད་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎