རྒྱ་ནག་གཞུང་གིས་བོད་རིགས་སློབ་ཕྲུག་ཚོའི་བསམ་བློ་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག

2021.01.13
རྒྱ་ནག་གཞུང་གིས་བོད་རིགས་སློབ་ཕྲུག་ཚོའི་བསམ་བློ་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག རྒྱ་ནག་དུ་ཁྲིད་པའི་བོད་རིགས་སློབ་ཕྲུག་ཁག་ཅིག
ICT

རྒྱ་ནག་གཞུང་གིས་བོད་རིགས་སློབ་ཕྲུག་མང་པོ་རྒྱ་ནག་སྐམ་སའི་སློབ་གྲྭ་ཁག་ནང་བླངས་ནས་དམར་ཤོག་ཚོགས་པར་དགའ་ཞེན་ཡོང་བའི་བསམ་བློ་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ཚེས་༡༢ཉིན་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་བརྒྱད་པའི་ནང་ཚོགས་པའི་བོད་ཀྱི་ལས་དོན་གླེང་སྟེགས་བརྒྱད་པ་ཞེས་པའི་ཐོག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་བོད་པའི་མི་རབས་གཞོན་སྐྱེས་ཚོར་རྒྱལ་གཅེས་ཀྱི་སློབ་གསོ་སྤྲོད་དགོས་པ་དང་འབྲེལ་ཡོད་དཔོན་རིགས་ཚོས་སློབ་གྲྭ་ཁག་ནང་དམར་པོའི་ལྟ་གྲུབ་དང་ཆབ་སྲིད་ཀྱི་ཤེས་ཡོན་སྤྲོད་ཤུགས་ཆེ་རུ་གཏོང་དགོས་པ། སློབ་གྲྭའི་ཤེས་ཡོན་མཐོ་དམན་བར་གསུམ་གྱི་བརྒྱུད་རིམ་ནང་རྒྱལ་གཅེས་ཀྱི་སྙིང་སྟོབས་སྤེལ་དགོས་པ་མ་ཟད། བོད་པའི་སློབ་ཕྲུག་ལོ་སྣ་བཅུ་གྲངས་ལོན་པ་ཚོའི་སྣང་ངོར་རྒྱ་ནག་ལ་དགའ་ཞེན་ཡོད་པའི་ས་བོན་འདེབས་དགོས་སྐོར་བཤད་ཡོད་པ་རེད། ད་ཆ་ལས་གཞི་དེ་མདུན་བསྐྱོད་བྱེད་བཞིན་ཡོད་པའི་མཐོང་ཚུལ་ཡོད་ཅིང་། ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༡༢པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དྲིལ་བསྒྲགས་ཀྱི་རུ་ཁག་གཅིག་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཆེད་བཙུགས་བྱས་པའི་བོད་པའི་སློབ་གྲྭ་ཁག་ནང་བལྟ་སྐོར་དུ་ཕྱིན་ནས་རྒྱ་ནག་རྒྱལ་ཡོངས་ཆིག་སྒྲིལ་གྱི་ཤེས་ཡོན་གྱི་བྱེད་སྒོ་སྤེལ་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག སྐབས་དེར་སློབ་ཕྲུག་ཚོར་སྐད་ཆ་བཤད་མཁན་ཞིག་གིས་བོད་པའི་སློབ་ཕྲུག་ཚོས་རྒྱ་ནག་དམར་ཤོག་ཚོགས་པའམ་རྒྱ་ནག་གུང་ཁྲན་ཏང་གི་བཀྲིན་བསམ་ཤེས་བྱེད་དགོས་པ་དང་། དགའ་ཞེན་དགོས་པ། རྒྱ་ནག་གུང་ཁྲན་ཏང་གི་ནང་སྙིང་ལ་དགའ་པོ་བྱེད་དགོས་པ། རྒྱ་ནག་གུང་ཁྲན་ཏང་ལ་ཉན་དགོས་སྐོར་སོགས་བོད་པའི་སློབ་ཕྲུག་ཚོར་སློབ་སྟོན་ཡང་བྱས་འདུག
བོད་དེ་བཞིན་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་རུང་ལོ་༦༠འི་གོང་ལ་རྒྱ་ནག་གཞུང་གིས་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་དམ་བསྒྲགས་ཆེན་པོའི་སྒོ་ནས་བཙན་དབང་བྱེད་མུས་ཡིན་པ་རེད།
ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡༢ཚེས་༢༦ཉིན་ཅིང་སུའུ་(Jiangsu)ཞིང་ཆེན་ནང་གི་(Changzhou)བོད་པའི་འབྲིང་རིམ་སློབ་གྲ་དེ་བཞིན་གསར་འཛུགས་བྱས་ཏེ་ལོ་༣༥་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། སློབ་གྲྭ་དེ་ནི་བོད་རང་སྐྱོང་ལྗོངས་ནས་བོད་པའི་སློབ་ཕྲུག་རྣམས་བླངས་ནས་རྒྱ་ནག་གི་གྲོང་ཁྱེར་ནང་སློབ་སྦྱོང་བྱེད་དུ་འཇུག་སའི་སློབ་གྲྭ་ཐོག་མ་དེ་ཡིན་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་ཡོད་ཅིང་། རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཕྱི་ལོ་༡༩༨༥ལོར་བོད་པའི་སློབ་ཕྲུག་ཆེད་དམིགས་བསལ་སློབ་གྲྭ་དེ་རིགས་གསར་འཛུགས་བྱས་པ་དང་། ད་ཆ་རྒྱ་མིའི་དཔོན་རིགས་ཚོས་སློབ་གྲྭ་དེ་དག་ནི་བོད་པའི་སློབ་ཕྲུག་ཚོར་རྒྱ་མི་དམར་པོའི་ལྟ་གྲུབ་སྦྱོང་བརྡར་སྤྲོད་སའི་ཐབས་ལམ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎