གཞས་པ་བགེགས་འཇོམས་རྡོ་རྗེ་ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཏེ་བོད་ཀྱི་ལོ་སར་ཚེས་ ༣ ཉིན། རྒྱ་ནག་གཞུང་གིས་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཝ་ཤུལ་རྨེ་བའི་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་སྡེ་བ་ནས་ཡིན་པ། བོད་མི་བགེགས་འཇོམས་རྡོ་རྗེ་ལགས་ནས་ས་གནས་དེའི་ལོ་སར་སྔོན་གྱི་སྤྲོ་ཚོགས་ཤིག་དང་བསྟུན། སྐྱོ་གླུ་མཆི་མ་དགུ་འཁྱིལ་ཞེས་པའི་གླུ་གཞས་ཤིག་བཏང་བར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནད་དོན་ཡོད་སྐོར་གྱི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་ཀྱིས། ད་ལྟའི་ཆར་ཁོང་གི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཅིག་ནས་མུ་མཐུད་བརྗོད་དོན་ལ། ཁོང་འཛིན་བཟུང་དགོས་པའི་ཉེས་འཛུགས་གཙོ་བོ་དེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ཏེ་བོད་ཀྱི་ལོ་སར་མ་བསླེབ་སྔོན་ཁྱུང་མཆུ་རྫོང་གི་སྒྱུ་རྩལ་བ་མང་པོ་ཞིག་གིས་མཉམ་རུབ་འོག་རྐ་ཆུ་ལུ་མའི་བཞུར་དབྱངས། སྐབས་ལྔ་བའི་ལོ་སར་སྤྲོ་ཚོགས་ཞེས་པ་ཞིག་གཉེར་བའི་སྟེང་། བགེགས་འཇོམས་ལགས་ནས་སྐྱོ་གླུ་མཆི་མ་དགུ་འཁྱིལ་ཞེས་གཞས་ཤིག་བླངས་པ་ཆབ་སྲིད་དང་འགལ་ཡོད་སྐོར་བརྗོད་ནས། ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྫོང་ཉེན་རྟོག་ཁང་གིས་བགེགས་འཇོམས་རྡོ་རྗེ་ལགས་སུ་ཁ་པར་བཏང་སྟེ་འབོད་འགུག་གིས། ཉིན་དེའི་ཕྱི་དྲོ་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ནང་མི་ཚོ་ཁྱུང་མཆུ་རྫོང་ཉེན་རྟོག་ཁང་ཕྱིན་ནས་སྐད་ཆ་དྲིས་པར། ཉེན་རྟོག་ཁང་ནས་བགེགས་འཇོམས་ཀྱིས་གཞས་ཚིག་ལ་གནད་དོན་ཡོད་པ་དང་བསམ་བློ་ལ་གནད་དོན་ཡོད་པས་འདྲི་རྩད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་ལས། ཞིབ་ཕྲ་གསལ་བཤད་གང་ཡང་བྱས་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
ཡང་འབྲེལ་ཡོད་བོད་མི་གཞན་གཅིག་ནས་བགེགས་འཇོམས་རྡོ་རྗེ་ནས་བླངས་པའི་གླུ་གཞས་ཀྱི་བརྙན་དང་། གཞས་ཚིག་མཁོ་སྤྲོད་གནང་བའི་ནང་། གཞས་ཚིག་གི་ནང་དོན་ལ་༸རྒྱལ་བ་མེད་པའི་རྒྱལ་ཁམས་འདི་ན། མགོ་ཁྲིད་ཡོད་རུང་རྫུན་མ་རེད་འདུག ཁ་ཕྱོགས་མེད་པའི་བོད་འབངས་འདི་ཚོ། སྨུག་ལུང་ཁྲོད་ཀྱི་ཡུ་མོ་བཞིན་རེད། དྲང་བདེན་མེད་པའི་ས་ཆ་འདི་ན། སྲིད་ཇུས་ཉི་མ་གཟའ་ཡིས་བཟུང་སོང་། འདྲ་མཉམ་མིན་པའི་གདོང་དམར་བ་འདི། མི་ཆེན་རྐང་འོག་གྲོག་མ་བཞིན་རེད། གཅར་རྡུང་མང་པའི་ཡུལ་གྲུ་འདི་ན། ཞི་བདེ་སྒྲོན་མེ་སྟོང་གཏམ་རེད་སོང་། རང་དབང་མེད་པའི་བོད་པ་ངེད་ཚོ། སྨྱུག་གཟེབ་ནང་གི་བྱེའུ་ཆུང་བཞིན་རེད་ཅེས་བཀོད་འདུག་ལ། ཁོང་གིས་གཞས་དེ་བླངས་ཚར་རྗེས་དེར་འདུས་ལྟད་མོ་ཚོས་དགའ་བསུ་ཤུགས་ཆེར་བྱས་ཡོད་པ་སོགས་བརྗོད་བྱུང་།
བགེགས་འཇོམས་རྡོ་རྗེ་ལགས་ནི་ནམ་རྒྱུན་འབྲོག་ལས་ཀྱི་འཚོ་བ་ཁོ་ནར་བརྟེན་པའི་བོད་མི་དཀྱུས་མ་ཞིག་དང་། ཆུང་དུས་ནས་རྡུང་ལེན་གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་ནི་ཡུལ་སྡེ་བ་སོགས་ཀྱི་དུས་སྟོན་རིགས་ལ་རྡུང་ལེན་གླུ་གཞས་ལེན་མཁན་ཞིག་ཏུ་གྱུར་ཡོད་པ་རེད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།