རྒྱ་གར་དབུས་བོད་སློབ་དགེ་རྒན་གཉིས་ལ་གཟེངས་བསྟོད།
2009.09.01
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་སློབ་གྲྭའི་དགེ་རྒན་གཉིས་ལ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་རྟགས་ཀྱི་འོས་མིའི་ནང་དུ་འདེམས་ཐོན་བྱུང་ཡོད་པ་དང་བྱ་དགའ་ཕུལ་བའི་མཛད་སྒོ་དེ་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དགེ་རྒན་གྱི་དུས་ཆེན་ཉིན་མོར་རྒྱ་གར་གྱི་སྲིད་འཛིན་གཞོན་པས་གསོལ་སྩལ་གནང་གི་ཡོད་པ་རེད།
དེ་ཡང་དབུས་བོད་སློབ་འཛིན་སྐྱོང་སློབ་གྲྭའི་དགེ་རྒན་གཉིས་ནི་རྒྱ་གར་ལྷོ་ཕྱོགས་མོན་གོ་ཊེར་བོད་མིའི་གཞིས་ཆགས་ནང་དུ་ཡོད་པའི་མོན་གོ་ཊེ་དབུས་བོད་སློབ་འཛིན་སྐྱོང་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་རིན་ཆེན་སྒྲོལ་མ་ལགས་དང་འབྲིང་རིམ་སློབ་གྲྭའི་ས་ཐི་ཡ་པཱར་ཀཤེ་གཉིས་ཡིན་ཞིང་ཁོང་གཉིས་ཀྱི་སློབ་ཁྲིད་གནང་ཡུལ་གྱི་སློབ་གྲྭ་གཉིས་ཀ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་དུ་ཡོད་པའི་མོན་གོ་ཊེའི་བོད་མིའི་གཞིས་ཆགས་ནས་ཡིན་པ་རེད།
ཕྱི་ཚེས་ལྔ་ཉིན་གྱི་དགེ་རྒན་དུས་ཆེན་སྐབས་བོད་སློབ་འཛིན་སྐྱོང་སློབ་གྲྭའི་ཁོངས་གཏོགས་ནས་དགེ་རྒན་ཁོང་གཉིས་དང་ད་དུང་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ནས་འོས་འདེམས་བྱུང་བའི་དགེ་རྒན་ཚོ་དང་མཉམ་དུ་བྱ་དགའ་གནང་རྒྱུ་ཡིན་པ་དང་བྱ་དགའ་དེ་ལ་རྒྱ་གར་གྱི་སྒོར་ཉིས་ཁྲི་ལྔ་སྟོང་དང་ཕྱག་འཁྱེར་ཞིག་གཅིག་དངུལ་གྱི་རྟགས་མ་གཅིག་བཅས་གནང་གི་ཡོད་ཅིང་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གྱི་བྱ་དགའ་གནང་སྲོལ་དེ་ནི་ཚན་ཉིད་རིག་པ་བ་དང་སྙན་གྲགས་ཅན་གྱི་དགེ་རྒན་གནང་མྱོང་མཁན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨེསི་རཱ་རྡ་ཀིརིཤ་ནན་མཆོག་ལ་གུས་བཀུར་དང་ཆེ་བསྟོད་མཚོན་ཆེད་དུ་ཕྱི་ལོ་༡༩༥༨ནས་ཕྱི་ཟླ་དགུ་པའི་ཚེས་ལྔ་ཉིན་མོ་དེར་དགེ་རྒན་གྱི་དུས་ཆེན་དུ་སྲུང་བརྩི་ཞུ་བའི་ལམ་སྲོལ་གསར་གཏོད་གནང་ཡོད་པ་རེད།