བོད་མི་ཨ་རིར་སློབ་སྦྱོང་དུ་བསྐྱོད་མཁན་འདེམས་སྒྲུག་བྱེད་བཞིན་འདུག
2019.05.21
ཕྱི་ལོ་༢༠༢༠་ལོར་བོད་མི་ཨ་རིར་སློབ་སྦྱོང་དུ་བསྐྱོད་མཁན་སློབ་ཕྲུག་འདེམས་སྒྲུག་ལས་དོན་རྡ་རམ་ས་ལར་སྤེལ་བཞིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་ཕྱི་ལོ་ ༢༠༢༠ ལོའི་ཨ་རིར་སློབ་སྦྱོང་དུ་བསྐྱོད་མི་འདེམས་དཀྲུག་གི་མཐའ་མའི་ལས་དོན་བཞུགས་སྒར་རྡ་རམ་ས་ལར་འགོ་བཙུགས་གནང་འདུག་ཅིང་། བོད་མིའི་སློབ་ཡོན་གྱི་ལས་གཞི་ཞེས་པ་འདི་ནི་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མི་ཨ་རིའི་ནང་ཆེས་མཐོའི་ཤེས་ཡོན་གྱི་གོ་སྐབས་ཆེད་གནང་པའི་སློབ་ཡོན་གྱི་ལས་དོན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༠ ནང་ཨ་རིར་སློབ་སྦྱོང་དུ་བསྐྱོད་མཁན་སྙན་ཞུ་ཕུལ་མཁན་གྲས་ནས། འདི་ལོ་མི་༣༡ འདེམས་སྒྲུག་གནང་བ་ཚོར་མཐའ་མའི་ངག་གི་དྲི་རྩལ་རྒྱུགས་སྤྲོད་བྱས་ཏེ་དེའི་ནང་ནས་མི་དྲུག་༢༠༢༠ ལོར་ཨ་རིའི་སློབ་སྦྱོང་དུ་འགྲོ་མཁན་ནང་འདེམ་རྒྱུ་ཡིན་འདུག
བོད་མི་ཨ་རིར་སློབ་སྦྱོང་དུ་བསྐྱོད་པའི་ལས་གཞི་ཞེས་པ་དེ་ནི། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་དཔལ་འབྱོར་གྱི་རོགས་དངུལ་གནང་བའི་མཉམ་ལས་ཀྱི་འགན་རྒྱའི་ཐོག་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་ཐེབས་རྩ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་བཟུང་འབྲེལ་གྱིས་ལས་གཞི་དེ་ལག་བསྟར་གནང་གི་ཡོད་པ་དང་། ལས་གཞི་དེ་ནི་༡༩༨༨ ནས་འགོ་བཙུགས་ཡོད་པ་རེད།
བོད་མི་ཨ་རིར་སློབ་སྦྱོང་གི་གོ་སྐབས་བསྐྲུན་པའི་ལས་གཞི་དེའི་དམིགས་ཡུལ་ནི། རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་གཞོན་སྐྱེས་དང་བོད་པའི་སྤྱི་ཚོགས་ནང་འགན་འཁུར་ཐུབ་པའི་བོད་མི་ཞིག་བཟོ་རྒྱུར་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་སྒྲོམ་གཞི་ཡར་རྒྱས་དང་མཐུན་འགྱུར་སྦྱོར་རྒྱུར་རོགས་རམ་གནང་བ་ཞིག་ཡིན་ཞིང་།
ལས་གཞི་དེ་༡༩༨༨ ལོར་འགོ་བཙུགས་པ་ནས་བཟུང་ད་བར་བོད་མི་༤༥༠ ལྷག་ལ་ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཏེ་ཕན་ཐོགས་བྱུང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ལ། ད་བར་ཨ་རིར་སློབ་སྦྱོང་གི་གོ་སྐབས་ཐོབ་ཏེ་སློབ་ཐོན་ཟིན་པའི་རྗེས་རྒྱ་གར་དུ་ཕྱིར་ལོག་བྱས་པ་ཚོས་བཙན་བྱོལ་བོད་མིའི་སྡེ་ཚན་ཁག་༩༡ ནང་ལས་ཀའི་ཞབས་ཞུ་གྲུབ་བཞིན་ཡོད་པ་རེད།
ཨ་རིའི་སློབ་ཡོན་དེ་ཐོབ་མཁན་གྱི་བོད་མི་དེ་དག་ཨ་རིའི་ནང་སློབ་ཐོན་ཟིན་པའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཞབས་ཕྱི་ཞུ་དགོས་པའི་གན་རྒྱ་བཞག་གི་ཡོད་ན་ཡང་། སློབ་ཐོན་ཟིན་པ་མང་པོ་ཕྱིར་ལོག་མ་བྱས་པར་ཨ་རིའི་ནང་གནས་སྡོད་བྱས་ཡོད་པ་རེད།