ཨ་ལགས་དོར་ཞི་རིན་པོ་ཆེ་ནས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ།
2017.04.14
༄༅། །རྒྱ་ནག་གཞུང་གི་ལས་ཁུངས་ནས་ ༼སྐད་གཉིས་སློབ་གསོའི་བཅོས་སྒྱུར། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ༽ཞེས་པའི་སློབ་གསོའི་བཅོས་སྒྱུར་ལ་སྐྱོན་བརྗོད་ཀྱི་ཕྱག་བྲིས་ཤིག་འགྲེམས་སྤེལ་གནང་འདུག
རྒྱ་ནག་གི་གྲོང་ཁྱེར་ལན་ཀྲུ་ནང་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་ནས་ཟླ་བ་འདིའི་ཚེས ༡༠ཉིན། རྒྱ་ཡིག་ནང་བྲིས་གནང་ནས་སྤྱི་ཚོགས་བརྒྱུད་འགྲེམས་སྤེལ་གནང་བའི་ཕྱག་བྲིས་དེའི་ནང་། མི་རིགས་སྐད་ཡིག་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་མ་ལག་ནས་ཕྱིར་འཐེན་བྱེད་དགོས་པ་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་འདི་ནི། སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཡིན་པ་གསུངས་བཞག།
ཡང་གོང་ཞུས་ཕྱག་བྲིས་དེའི་ནང་། སྲིད་གཞུང་དང་སློབ་གྲྭ་ཁག་གིས་སྲོལ་རྒྱུན་རིག་གནས་ཐད་ལ་ནུས་པ་ཙ་བ་ནས་བཏོན་གྱི་མེད་པ་མ་ཟད། ད་དུང་རྐང་བཙུགས་ནས་སྲོལ་རྒྱུན་རིག་གནས་ལ་འཚོ་གནས་ཀྱི་ཁོར་ཡུག་མེད་པ་བཟོ་བའི་རྣམ་པ་ཡོང་གི་ཡོད་པ་དེས་མང་ཚོགས་ནས་སྲིད་གཞུང་ལ་ཡིད་ཆེས་མེད་པ་ཆགས་འགྲོ་གི་ཡོད་སྐོར་གསུང་འདུག།གནད་དོན་འདིའི་ཐད་བོད་ནང་གི་སློང་གྲྭ་ཆེན་མོའི་དགེ་རྒན་དང་། ཤེས་ཡོན་ཅན་མི་གྲངས་སུམ་ཅུ་ལྷག་གིས་ཡིག་ཐོག་ཏུ་བསམ་འཆར་འདོན་སྤེལ་བྱས་ཡོད་པ་མ་ཟད། དེང་སྐབས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་གནང་བཞིན་པའི་གནད་དོན་ཞིག་ཆགས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།