ལྷ་ས་ནས་བཙོན་འཇུག་བྱས་བའི་བོད་མི་གཉིས་བཙོན་གྲོལ་བྱུང་བ།
2015.06.02
བུད་མེད་འཕགས་མ་དང་ཁོང་མོའི་ཚ་བོ་འཇིགས་མེད་གཉིས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་སྐབས་ཕེབས་བསུ་གཟབ་རྒྱས་བྱས་འདུག
དེ་ཡང་སྔོན་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༥བའི་ཚེས་༢༧་ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཀན་ལྷོ་འབོ་ར་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། རྔ་བ་ནས་ཡིན་པའི་དར་རྒྱས་གཉིས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་བ་དང་འབྲེལ་རྒྱ་ནག་གི་ཉེན་རྟོག་པས་བོད་མི་མི་ཉུང་བ་འཇུ་བཟུང་བྱས་ཡོད་པ་དང་། སྐབས་དེར་འཇུ་བཟུང་བྱས་བའི་བོད་མི་མདོ་སྨད་རྔ་བ་ནས་ཡིན་པའི་བུ་མོ་འཕགས་མ་དང་། ཁོང་མོའི་ཚ་བོ་འཇིགས་མེད་གཉིས་འཛིན་བཟུང་གིས་ད་བར་མི་ལོ་གསུམ་རིང་བཙོན་འཇུག་བྱས་བ་དང་། སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༥བའི་ཚེས་༢༩ཉིན་བཙོན་དུས་གཙང་ནས་ལྷ་ས་ནས་གློད་གྲོལ་བྱུང་འདུག ཁོང་གཉིས་སྤྱི་ཟླ་༥་པའི་ཚེས་༣༡ཉིན་ཁྲིན་ཏུའུ་གནམ་ཐང་དུ་འབྱོར་སྐབས་གཉེན་ཉེ་དང་། ཡུལ་མི། ས་གནས་བོད་རིགས་མང་པོས་ཕེབས་བསུ་གཟབ་རྒྱས་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱི་ཟླ་༦པའི་ཚེས་༡ཉིན་གྱི་དགོང་མོ་ཁོང་གཉིས་རང་ཁྱིམ་དུ་འབྱོར་སྐབས་ནང་མི་སྤུན་ཉེ་དང་། གྲོང་པ་ཚོས་ལྷ་རྒྱལ་ལོ། བོད་རྒྱལ་ལོ་ཞེས་བསང་གསོང་བཏང་བ་དང་། རླུང་རྟ་གཏོར་བ། ཁ་བཏགས་སྒྲོན་པ་སོགས་ཁོང་ཉིས་ལ་དགའ་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་སོང་། སྐབས་དེར་མཚན་དཀྱིལ་ཙམ་ཡིན་ཡང་མི་མང་པོ་འཛོམས་ཡོད་པ་སོགས་བརྗོད་བྱུང་།
ཁོང་གཉིས་ནི་རྔ་བ་རྫོང་ལོ་རྟ་ཡུལ་ཚོའི་ཤོ་དགུ་སྡེ་བ་ནས་ཡིན་པ་དང་། ལོ་ན་༣༧ཙམ་ཡིན་པའི་བུ་མོ་འཕགས་མ་ལགས་ཀྱི་བཟའ་ཟླ་སྐལ་ཁོ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་མུ་མཐུད་བཙོན་འཇུག་བྱས་བསྡད་ཡོད་པ་རེད་ལ་ཁོ་གཉིས་ལ་བྱིས་པ་གསུམ་ཡོད་པ་རེད།
གསར་འགོད་པ་དཔལ་ལྡན་རྒྱལ་དང་ཀླུ་འབུམ།