རྒྱ་ནག་གཞུང་གིས་བོད་ས་སྒོ་རྒྱབ་ཡོད་དམ་ཞེས་བའི་དཔྱད་རྩོམ།
2016.06.22
རྒྱ་ནག་གཞུང་གིས་ས་མཚམས་དམ་བསྒྲགས་དང་བོད་མིར་མནར་གཅོད་ཀྱི་རྐྱེན་པས་བོད་མི་ཚོ་བྲོས་བྱོལ་སྐྱབས་བཅོལ་ལ་ཡོང་ཐུབ་ཀྱི་མེད་པ།
རྒྱ་གར་གྱི་གསར་འགོད་པ་Sarnash Sehgal་ཞུ་བས་བྲིས་པའི་ཆེད་རྩོམ་ནང་། ཕྱི་ལོ་༢༠༠༥་ལོར་བོད་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་ཐུབ་པའི་བོད་མི་གྲངས་༣༣༢༠་བྱུང་ཡོད་ཀྱང་ད་ལོ་བོད་མི་དྲུག་ལས་བྱུང་མེད་པའི་ཞིབ་འཇུག་སྙན་ཐོ་ལུང་འདྲེན་གནང་སྟེ། རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་ཀྱི་ས་མཚམས་ཡོངས་རྫོགས་ཐེལ་ཙེ་རྒྱབ་པ་ལྟར་སྒོ་རྒྱབ་ཡོད་དམ་ཞེས་པའི་དྲི་བ་བཀོད་དེ་ཤོག་གྲངས་༩་ཅན་གྱི་དཔྱད་རྩོམ་རིང་པོ་ཞིག་སྤེལ་ཡོད་པ་རེད།
དེ་རིང་IRIN་ཞེས་པའི་ནང་འདོན་སྤེལ་གནང་ཡོད་པར། ཐོག་མར་བོད་མི་སྐྱབས་བཅོལ་བ་ཡོན་ཏན་ལགས་ཀྱིས། བོད་ནས་རྒྱ་གར་ལ་བྲོས་བྱོལ་ཕེབས་སྟངས་སྐོར་གོང་ཞུས་གསར་འགོད་པས་བྲིས་དོན། ཡོན་ཏན་ལགས་ཅ་དངོས་འོར་འདྲེན་བྱེད་མཁན་སྣུམ་འཁོར་ཞིག་ནང་ཅ་་ དངོས་ཀྱི་སྒམ་མང་པོའི་ཁྲོད་ཡིབ་ནས་ཡོང་བ་དང་། བོད་ཀྱི་ས་མཚམས་ལ་འབྱོར་སྐབས་རྒྱ་མིའི་ས་སྲུང་དམག་མིས་སྣུམ་འཁོར་སྔོག་བཤེར་བྱེད་དུས། ཁོང་གི་སྙིང་ཁ་ནས་འདོན་པ་ལྟ་བུའི་ཞེད་སྣང་དངངས་སྐྲག་སྐྱེས་པ་དང་། གལ་ཏེ་རྒྱ་མིའི་ས་སྲུང་དམག་མིས་ཁོང་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཚེ། ཁོང་འཛིན་བཟུང་བྱ་རྒྱུ་ཡིན་པས་ ཁོང་གཞུགས་སྒར་རྡ་རམ་ས་ལར་མ་ཡིན་པར་རྒྱ་མིའི་བཙོན་ཁང་ནང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་དང་། ད་ཆ་བཙན་བྱོལ་དུ་ཕེབས་ཐུབ་པ་དེ་ནི་ཁོང་རང་བསོད་བདེ་ཞིག་ཡིན་སྐོར་བསམ་གྱི་ཡོད་ཅེས་གསུངས་འདུག།
ད་ལྟ་ཡོན་ཏན་ལགས་རྒྱ་གར་ནང་བཞུགས་རྒྱུའི་ཆབ་སྲིད་ཀྱི་སྐྱབས་བཅོལ་ལག་འཁྱེར་ཞུ་བཞིན་ཡོད་པ་དང་། ཁོང་ནས་བོད་ནང་གི་བོད་མི་མང་པོས་ཉིན་ལྟར་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་རྒྱུའི་བསམ་བློ་གཏོང་གི་ཡོད་རེད། ཡིན་ནའི་རྒྱ་མིས་ལམ་བར་ནས་འཛིན་བཟུང་བྱ་རྒྱུ་དང་། དེ་ནས་རྒྱ་མིའི་ཉེན་རྟོག་པ་ཚོས་སྡུག་སྦྱོང་མནར་གཅོད་དེ་ལས་མང་བ་གཏོང་རྒྱུའི་ཞེད་སྣང་ཡོད་པའི་རྐྱེན་གྱིས་ཡོང་ཐུབ་ཀྱི་མེད་སྐོར་གསུངས་འདུག།
དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དང་བོད་ཀྱི་ས་མཚམས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་མཁན་བོད་མིའི་གྲངས་འབོར་ཡང་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། དཔེར་ན་ཕྱི་ལོ་༢༠༠༥་ལོར་བོད་མི་གྲངས་༣༣༢༠་བྲོས་བྱོལ་དུ་ཕེབས་ཐུབ་པ་བྱུང་བ་དང་། ཕྱི་ལོ་༢༠༠༨་ལོར་བོད་མི་༦༠༨་ལས་ཕེབས་ཐུབ་མེད་པ། ཡོན་ཏན་ལགས་བྲོས་བྱོལ་དུ་ཕེབས་པའི་ལོར་བོད་མི་༩༣་ལས་ཕེབས་ཐུབ་མེད་པ་མ་ཟད། ད་ལོ་བོད་མི་དྲུག་མ་གཏོགས་ཕེབས་ཐུབ་མེད་པའི་ཞིབ་འཇུག་སྙན་ཐོ་ཞིག་ཀྱང་བཏོན་གནང་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།