བོད་མི་གཞིས་སྤོས་ཀྱི་ཁྲིམས་ཡིག་གྲོས་འཆར་ངོ་སྤྲོད་གནང་འདུག


2017.06.29
ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Jim Sensenbrenner)མཆོག ༢༠༡༧།༦།༢༧ ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Jim Sensenbrenner)མཆོག ༢༠༡༧།༦།༢༧
Lhuboom/RFA

ཨ་རིའི་གྲོས་ཚོགས་ནང་བཙན་བྱོལ་བོད་མིར་མཐུན་འགྱུར་རོགས་རམ་དང་གཞིས་སྤོས་ཐད་ཀྱི་ཁྲིམས་ཡིག་གྲོས་འཆར་བསྐྱར་དུ་ངོ་སྤྲོད་གནང་འདུག
རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིར་མཐུན་འགྱུར་རོགས་རམ་གནང་ཕྱིར་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ལས་གྲུབ་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་སྐྱབས་བཅོལ་བོད་མིར་མཐུན་འགྱུར་སྦྱོར་སྤྲོད་(Tibetan Refugee Assistance Act)ཞེས་པའི་ཁྲིམས་ཡིག་གྲོས་འཆར་བསྐྱར་དུ་ངོ་སྤྲོད་ཞུས་འདུག
དེ་ཡང་རྒྱ་གར་གྱི་PTI གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྐྱབས་བཅོལ་བོད་མིར་མཐུན་འགྱུར་རོགས་རམ་མཁོ་སྤྲོད་གནང་རྒྱུའི་ཁྲིམས་ཡིག་གྲོས་ཆར་དེ་འདི་ཚེས་༢༨་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Jim Sensenbrenner)དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་(Zoe Lofgren)རྣམ་གཉིས་ནས་ངོ་སྤྲོད་ཞུས་གནང་འདུག
ཁྲིམས་ཆར་དེའི་ནང་དོན་གཙོ་བོ་ནི། རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཆེད་བོད་མི་༣༠༠༠སྐོར་ཞིག་ཨ་རིར་གཞིས་སྤོས་ལེན་རྒྱུའི་བསྐྱར་ནན་གྲོས་ཆར་ཡིན་འདུག་ཅིང་། གྲོས་ཆར་དེ་ཐོག་མར་༢༠༡༥་ལོའི་ཕྱི་ཟླ་༦པའི་ཚེས༤ཉིན་ གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Sensenbrenner)ཡིས། གྲོས་ཚོགས་ཀྱི་ཁྲིམས་གཞི་ཚོགས་ཆུང་ནང་ངོ་སྤྲོད་ཞུས་འདུག
ཁྲིམས་གཞི་ཚོགས་ཆུང་ནས་གྲོས་ཆར་དེ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་མི་དང་ས་མཚམས་བདེ་འཇགས་ཀྱི་ཡན་ལག་ཚོགས་ཆུང་གི་ཁོངས་སུ་རྩིས་སྤྲོད་གནང་སྟེ། ད་བར་དེ་མུར་ལུས་ཡོད་འདུག
འདི་ཚེས་༢༨་ཉིན་གྲོས་ཚོགས་ནང་ཁྲིམས་ཡིག་བསྐྱར་ནན་ངོ་སྤྲོད་ཞུས་པའི་སྐབས། སྐུ་ཞབས་(Sensenbrenner)མཆོག་གིས། འཛམ་གླིང་གི་ཡུལ་གྲུ་གང་སར་སྐྱབས་བཅོལ་བའི་གནས་སྟངས་གཙོས་པའི་དྲག་གནོན་དང་བཙན་གནོན་འོག་གནས་པའི་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་ལོ་རྒྱུས་ཐོག་ཨ་རིས་སེམས་འཁུར་ཆེ་བཞེས་ཀྱི་རོགས་ཕན་གནང་སྲོལ་ཡོད་པ་ལྟར། ད་རེས་སྐྱབས་བཅོལ་བོད་མིར་མཐུན་འགྱུར་སྦྱོར་སྤྲོད་ཀྱི་ཁྲིམས་ཆར་དེས་རྒྱ་གར་དང་། བལ་ཡུལ་དུ་ཆེས་དཀའ་སྡུག་ཅན་གྱི་གནས་སྟངས་འོག་ཡོད་པའི་བཙན་བྱོལ་བོད་མི་ཁག་ཅིག་ཨ་རིར་གཞིས་སྤོས་ཐུབ་རྒྱུའི་གོ་སྐབས་བསྐྲུན་ཆེད་དུ་ཡིན་པ་གསུངས་གནང་འདུག
དེ་བཞིན་ཡང་ཁྲིམས་ཆར་ངོ་སྤྲོད་ཞུས་པའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་(Zoe Lofgren)མཆོག་ནས། རྒྱ་ནག་གཞུང་གིས་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་རྐྱེན་པས་བོད་མི་རྣམས་ལོ་ངོ་བཅུ་གྲངས་མང་པོའི་རིང་དཀའ་སྡུག་ཚད་མེད་མྱངས་ཡོད་པ་མ་ཟད། ༢༠༡༥ལོར་བལ་ཡུལ་ནང་ས་འགུལ་ཆེན་མོ་བྱུང་བའི་རྐྱེན་གྱིས་དེ་ཁུལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་པར་བརྟེན། ཨ་རིའི་གྲོས་ཚོགས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཁྲིམས་ཆར་དེ་གྲོས་ཆོད་དུ་གཏན་འབེབས་གནང་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག
འདི་ནི་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་གྱི་གྲོས་གཞིར་ངོ་སྤྲོད་ཞུས་པ་ཙམ་ནས་གྲོས་ཆོད་གཏན་འབེབས་དང་ཐག་གཅོད་བྱུང་བ་སོགས་གང་ཡང་མིན་ཞིང་། གྲོས་འཆར་འདི་རིགས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་དང་རིམ་པས་གྲོས་ཚོགས་རྭ་བའི་ནང་གྲོས་བསྡུར་ཐོག་མང་མོས་ཀྱི་ཐོག་ནས་ཐག་གཅོད་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎