བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༢༣ ནས་ཕྱི་ལོ་ ༢༠༢༦ བར་གྱི་ཐབས་ཇུས་ཡིག་ཆ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་དེ་རིང་ཕྱི་ཚེས་ ༡༢ ཉིན་གནས་ཚུལ་བཀོད་སྤེལ་གནང་དོན་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་ལྷན་འཛོམས་ཐོག་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་རྒྱལ་ས་ལྡི་ལིའི་ནང་གི་ཨ་ཤོ་ཀ་གསོལ་མགྲོན་ཁང་ནང་ཕྱི་ལོ་ ༢༠༢༣ ནས་ཕྱི་ལོ་ ༢༠༢༦ བར་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི་ཞེས་པའི་ཡིག་ཆ་དེ་བཞིན་བོད་ཡིག་དང་ཨིན་གཉིས་ནང་དབུ་འབྱེད་གནང་བ་དང་འབྲེལ་ཚོགས་གཞོན་མཆོག་གིས་ཐབས་བྱུས་འཆར་གཞིའི་གལ་གནད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི་འདི་ཇི་ལྟར་གཏན་འབེབས་གནང་བའི་བརྒྱུད་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་དང་། ཚོགས་གཙོ་མཆོག་གིས་ཐབས་ཇུས་འཆར་གཞི་འདི་བཞིན་དེ་སྔོན་སྤྱི་འཐུས་རྣམས་ལ་གློག་འཕྲིན་བརྒྱུད་མཁྱེན་རྟོགས་སླད་ཕུལ་ཏེ་དགོངས་ཚུལ་བསྡུ་ལེན་གནང་བ་དང་། དེ་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་མཐའ་མའི་གཏན་འབེབས་གནང་བའི་སྐོར་དང་། ཡིག་ཆ་འདིའི་ནང་དོན་ཁག་ངོ་སྤྲོད་སྙིང་བསྡུས་གནང་བའི་རྗེས་སུ་སྤྱི་འཐུས་རྣམས་སྡེ་ཚན་གསུམ་ལ་ཆ་བགོས་གནང་སྟེ་མ་འོངས་པར་ལས་འཆར་ལག་བསྟར་ཞུ་ཕྱོགས་ཐད་དགོངས་ཚུལ་གསུངས་པ་དང་། ཚོགས་ཆུང་སོ་སོའི་དགོངས་ཚུལ་ཁག་རེ་རེ་བཞིན་སྙན་སྒྲོན་གནང་འདུག ཐབས་ཇུས་འཆར་གཞིའི་ཡིག་ཆ་འདི་གཙོ་བོ་སྡེ་ཚན་ཁག་མི་འདྲ་བ་གསུམ་ལ་དབྱེ་བ་ཕྱེ་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ལམ་སྟོན་དང་ཐབས་བྱུས་ཀྱི་དམིགས་ཡུལ་ལག་ལེན་འཆར་འགོད་བཅས་ཡིན་པ་དང་ཡིག་ཆ་འདིའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབྱུང་འགྱུར་ལོ་བཞིའི་ནང་གི་ཐབས་བྱུས་དམིགས་ཡུལ་གཙོ་བོ་དྲུག་ཡོད་པ་དང་། དེ་དག་བསྒྲུབ་རྒྱུའི་ལག་ལེན་བསྟར་ཕྱོགས་ཀྱི་ནང་དོན་ཞིབ་ཕྲ་ཁག་གསལ་པོར་བཀོད་གནང་ཡོད་འདུག ད་དུང་ཉིན་དེར་རྒྱ་གར་གྱི་གཞུང་འཛིན་ BJP ཚོགས་པ་ནས་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མི་ Rajendra Agrawal ལགས་དང་། ཀོང་རེ་སི་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Dr. Amee Yajnik རྣམ་གཉིས་ཚོགས་འདུའི་ཐོག་ཆེད་ཕེབས་གནང་སྟེ་བོད་མི་མང་གི་སྤྱི་འཐུས་རྣམ་པ་དང་ལྷན་དུ་བོད་དོན་ཐོག་བཀའ་བསྡུར་ལྷུག་པོར་གནང་འདུག མཐའ་དོན་དུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེས་ཀྱི་ཚོགས་འདུའི་ཐོག་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Sujeet Kumar མཆོག་གིས་དབུས་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་ཀྱིས་དགོངས་ཚུལ་བརྗེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་ཐབས་ཇུས་དང་བོད་དོན་ཞུ་སྐུལ་གྱི་ཚོགས་འདུ་ཐེངས་གསུམ་པ་དེ་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་མཇུག་སྒྲིལ་གནང་འདུག
གསར་འགོད་པ། སེང་གི་རི་བསོད་ནམ་ལྷ་མོ།
རྩོམ་སྒྲིག་པ་པ་དང་ དྲྭ་ཐོག་རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།