བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་ཡིག་གི་དོན་ཚན་དང་པོ་ལྟར། སྤྱི་འཐུས་ཚང་མ་དེ་ལ་ཤར་བསྐྱོད་ཀྱིས་འདི་ཚེས་༨ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་གངས་སྐྱིད་སྤྱི་འཐུས་གྲོས་ཚོགས་སུ། སྤྱི་འཐུས་༤༥ ཡིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱི་མདུན་ནས་དམ་འབུལ་ཞུས་པའི་རྗེས། ཉིན་འདིའི་ཉིན་རྒྱབ་ཏུ་སྤྱི་འཐུས་རྒྱུན་ལས་ཁང་དུ་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུའི་སྐབས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་༢༢ དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་༢༣ ཐོབ་སྟེ་སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང་ཞིང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། རྒྱ་གར་ཚུད་པའི་ཡོ་རོབ་དང་ཨ་རི་སོགས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་གནད་ཡོད་ཡུལ་གྲུ་ཁག་དང་མུ་མཐུད་སྤྱི་འཐུས་ལྷན་ཚོགས་ནས་འབྲེལ་བ་བྱས་ནས་རང་ནུས་གང་ཡོད་ཀྱིས་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་ཀྱི་འདུག
ཡང་དེ་དང་ཕྱོགས་མཚུངས་སྤྱི་འཐུས་ཚོགས་གཞོན་གྱི་འོས་བསྡུའི་སྐབས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་འོས་གྲངས་༢ དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་འོས་གྲངས་༡༨ཐོབ་སོང་བ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་༢༣ ཐོབ་སྟེ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་འོས་འདེམས་བྱུང་ཡོད་པ་དང་། འོས་ཤོག་གཉིས་རྩིས་མེད་དུ་ཕྱིན་ཡོད་པ་རེད།
ཡང་སྤྱི་འཐུས་ཚོས་དམ་འབུལ་གྲུབ་པའི་རྗེས་བོད་མི་མང་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས་ད་རེས་གནས་ཚུལ་འདི་ནི་སྤྱི་པའི་ལས་དོན་ཐོག་་ནུས་པ་མཉམ་སྤུངས་བྱེད་རྒྱུའི་གཏམ་བཟང་ཞིག་ཡིན་པ་མ་ཟད། སྤོབས་པ་སྐྱེ་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། ད་རེས་ཀྱི་ཐག་གཅོད་དེའི་བརྒྱུད་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ང་ཚོ་ཤར་བསྐྱོད་བྱེད་ཀྱི་ཡོད་པ་གཞིས་བཞུགས་བོད་མི་ཚོར་བརྡ་ལན་བཏང་ཡོད་པ་གསུང་གི་འདུག
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས། སྤྱི་འཐུས་རྣམ་པས་ད་ལྟའི་ཆར་ཁ་ཚ་དགོས་གཏུག་གི་འགན་གཙོ་བོ་དེ་བཅའ་ཁྲིམས་ལ་བསྒྱུར་བཅོས་བྱ་རྒྱུ་དེ་ཡིན་པའི་དགོངས་ཚུལ་གསུང་གི་འདུག
ད་ཐེངས་ཀྱི་སྤྱི་འཐུས་དམ་འབུལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ཚོགས་ཁང་དུ་དམ་འབུལ་ཞུ་སར་ཆེད་ཕེབས་གནང་འདུག་པ་དང་། དམ་འབུལ་གྲུབ་པའི་རྗེས་སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་གསལ་ལ། དང་ཐོག་སྤྱི་འཐུས་ཚང་མར་འཚམས་འདྲི་དང་སྦྲགས་ད་ལྟའི་གནས་ཚུལ་དེ་དང་འབྲེལ་ནས་འབྱུང་འགྱུར་གྲོས་ཚོགས་ནང་དེའི་སྐོར་གླེང་སློང་མ་གནང་བའི་རེ་བ་ཡོད་པ་གསུང་གི་འདུག
གཞན་ཡང་སྤྱི་ཟླ་༡༠ པའི་ཚེས་༩ རེས་སྤེན་པ་ཉིན་གྱི་སྔ་དྲོ་བདམས་ཐོན་སྤྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།