བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབས་རྣམས་ནས་རྒྱ་གར་Rajasthan ཁུལ་དུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན་། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཟླ་བ་འདིའི་ཚེས་བཅུ་གཉིས་ནས་བཟུང་རྒྱ་གར་གྱི་ Rajasthan མངའ་སྡེའི་གྲོང་ཁྱེར་ Jaipur ནང་རྟེན་གཞི་བྱེད་པའི་ Rawat Group of Colleges ཞེས་པའི་མཐོ་རིམ་སློབ་གཉེར་ཁང་ནས་མགྲོན་འབོད་ལྟར་ཁུལ་དེར་ཕེབས་ཏེ་རྒྱ་གར་རང་བཙན་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་གནང་འདུག གོང་ཞུས་དུས་ཆེན་སྐབས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས་། བོད་དང་རྒྱ་གར་གྱི་འབྲེལ་བའི་སྐོར་དང་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་། བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་སྲུང་སྐྱོབ་ལའང་རང་བཞིན་གྱི་འབྲེལ་བ་ཆགས་ཀྱི་ཡོད་པ་སོགས་ངོ་སྤྲོད་གཏམ་བཤད་གནང་བ་དང་ཆབས་ཅིག་མཐོ་སློབ་ཀྱི་འབྲེལ་ཡོད་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྩོམས་ཕྱག་དེབ་དང་བོད་མི་མང་སྤྱི་འཐུས་སྐོར་དང་འབྲེལ་བའི་ཕྱག་དེབ་ཁག་ཅིག་འབུལ་ལམ་ཞུས་ཡོད་འདུག
ཡང་སྤྱི་འཐུས་རྣམ་གཉིས་གྲོང་ཁྱེར་དེའི་ནང་ཡོད་པའི་བོད་མིའི་སུད་ཚོང་ཁྲོམ་རྭ་ཡོད་སར་འཚམས་གཟིགས་ཕེབས་པས་མ་ཟད་གྲོས་ཚོགས་འཐུས་མི་སྐུ་ཞབས་Ramcharan Bohra མཆོག་མཇལ་འཕྲད་གནང་ཏེ་བོད་མི་སུད་ཀྲར་ཚོང་མཁན་ཚོའི་ཁྲོམ་སའི་དཀའ་ངལ་སྐོར་སྙན་སེང་ཞུས་པར་ཁོང་གིས་མཐུན་འགྱུར་གང་ཐུབ་གནང་གི་ཡིན་ཞེས་ཞལ་བཞེས་ཐོབ་ཡོད་འདུག
དེ་ནས་སྤྱི་འཐུས་རྣམ་གཉིས་ Gyan Vihar University ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་ཕེབས་ཏེ་སློབ་གཉེར་ཁང་གི་སློབ་སྤྱི་གཞོན་པས་གཙོས་འབྲེལ་ཡོད་ཁག་ཅིག་མཇལ་འཕྲད་གནང་འདུག་ལ་དགེ་ལས་སློབ་ཕྲུག་ཚོར་ད་ལྟའི་བོད་ནང་རྒྱ་ནག་གཞུང་ནས་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པའི་གནས་སྟངས་དང་བོད་ཀྱི་དེ་སྔའི་ལོ་རྒྱུས་། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བའི་རྒྱབ་ལྗོངས་དང་བཅས་སྲུང་སྐྱོབ་ཀྱི་གནད་དོན་བཅས་པའི་ཐོག་གཏམ་བཤད་སྤེལ་གནང་འདུག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གནང་ཕྱོགས་སོགས་ཀྱི་ཐད་ལའང་ངོ་སྤྲོད་གནང་འདུག
དེ་དང་ཕྱོགས་མཚུངས་ཁོང་རྣམ་གཉིས་ནས་གྲོང་ཁྱེར་འཇེ་པུར་གྱི་ཉེན་རྟོག་པའི་སྤྱི་ཁྱབ་པ་དང་གཞན་ཡང་གྲོས་ཚོགས་འཐུས་མི་ལྕམ་Diviya Kumari མཆོག་ཀྱང་མཇལ་འཕྲད་གནང་ནས་མངའ་ཁུལ་དེའི་ནང་བོད་མི་སུད་ཚོང་བའི་བདེ་སྡུག་དང་དཀའ་ངལ་རྣམས་སྙན་སེང་ཞུས་པར་ཁོང་རྣམ་གཉིས་ནས་ཀྱང་མཐུན་འགྱུར་གནང་གི་ཡིན་ཞེས་གསུངས་ཡོད་པ་བཅས་བོད་དོན་གོ་རྟོག་དང་ཞུ་གཏུགས་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།