རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བ།
2016.07.29
བོད་མི་ཚོས་ཀྱང་༧གོང་ས་མཆོག་གི་ལམ་སྟོན་དང་མཛད་འཕྲིན་ལ་གཅིག་གྱུར་ངོས་འཛིན་ཐུབ་རྒྱུ་གལ་ཆེན་ཡིན་པ་རྒྱ་གར་གྱི་གནད་ཡོད་ཚོས་གསུངས་བ།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ལྷན་འཛོམས་སྟེང་ཇི་ལྟར་ཐག་གཅོད་བྱུང་བ་བཞིན། སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ཞིག་ནས་ཟླ་བ་འདིའི་ཚེས ༢༥་ནས་བཟུང་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཞུ་བཞིན་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་འཐུས་ཚོགས་གཞོན་Acharya ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། འདི་ཟླའི་ཚེས་༢༦་ནས་དབུ་འཛུགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཚེས་༢༨་བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་༨་ཀྱི་གཙོས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་༢༩་དང་། བློན་ཆེན་ ༥་གཞན་ཡང་ལྡི་ལི་ཉེན་རྟོག་སྤྱི་ཁྱབ་དང་། མཁས་དབང་སོགས་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་ཞུས་ཡོད་འདུག
མཇལ་འཕྲད་དེའི་ཐོག་སྤྱི་འཐུས་སྐུ་ཚབ་རྣམས་པས། བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དེང་སྐབས་བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གནས་ཚུལ་སོགས་ཡིག་ངག་གཉིས་ཀྱི་ཐོག་ནས་ཞིབ་ཕྲ་གསལ་བཤད་ཞུས་གནང་འདུག
གནས་ཚུལ་ནང་མུ་མཐུད་བཀོད་པར། རྒྱ་གར་དབུས་གཞུང་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ལམ་སྟོན་དང་མཛད་འཕྲིན་ལ་གཅིག་གྱུར་གྱི་ངོས་འཛིན་ཞུས་པའི་ཐོག བོད་མི་ཚོས་དེ་ལྟར་ངོས་འཛིན་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ནན་བཤད་གནང་པ་དང་། གཞན་ཡང་རྒྱ་གར་གཞུང་གི་ད་ལྟའི་ཕྱི་འབྲེལ་སྲིད་བྱུས་ཀྱིས་མཚོན་པའི་བོད་དང་འབྲེལ་ཡོད་སྲིད་བྱུས་མང་པོ་ཞིག་དེང་སྐབས་ཁྲོམ་རྭའི་དཔལ་འབྱོར་གྱི་དངོས་ཡོད་གནས་སྟངས་དང་མ་བསྟུན་ཐབས་མེད་ཡིན་པ་གསལ་བོ་ཡིན་ནའང་རྒྱ་ནག་གིས་བོད་ཐོག་ལོ་ངོ་ལྔ་བཅུ་ལྷག་རིང་བཙན་འཛུལ་གྱིས་དབང་སྒྱུར་བྱས་པའི་ཉེར་ལན་ལ་བརྟེན་ནས། རྒྱ་ནག་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཉེན་བརྡ་ཇི་ལྟར་བཏང་ཡོད་པ་རྣམས་མཁྱེན་རྟོགས་དགོས་ངེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དང་འབྲེལ་བའི་ཡིག་ཆ་རྣམས་མུ་མཐུད་འགྲེམས་སྤེལ་གནང་གལ་ཆེ་བ་དང་། དེ་བཞིན་བོད་མི་ཚོས་གནས་ཡུལ་ས་གནས་ཡུལ་མི་རྣམས་དང་མཐུན་འབྲེལ་གང་ལེགས་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།