ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་འདེམས་སྒྲུག་བྱེད་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཨང་༢༣ པར་གྲོས་ཚོགས་ནང་མང་མོས་ཀྱི་རྒྱབ་བསྐྱོར་ཐོབ་མ་སོང་།

2022.03.30
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་འདེམས་སྒྲུག་བྱེད་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཨང་༢༣ པར་གྲོས་ཚོགས་ནང་མང་མོས་ཀྱི་རྒྱབ་བསྐྱོར་ཐོབ་མ་སོང་། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་རྟེན་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༢༣པ་དེ་མ་ཟགས་ཡོད་པ་གསལ་བསྒྲགས་གནང་སོང་།
Tibet TV screengrab

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཚང་བའི་འོས་མི་ཞིག་མ་རག་པའི་དཀའ་ངའ་མུ་མཐུད་འཕྲད་མུས་ཡིན་པའི་སྐབས་དེར། འདི་ཚེས་༣༠ཉིན་ཏེ་སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་དགུ་པའི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༢༣པ་དེ་སྒྲོག་སྦྱང་གནང་སྐབས། སྤྱི་འཐུས་ཁག་ཅིག་ནས་ད་ལྟའི་ཆེས་མཐོའི་ཁྲིམས་ཞིབ་ཁང་བརྒྱུད་ནས་ཡོང་བའི་ཁྲིམས་འཆར་དེ་ཁྲིམས་འགལ་ཡིན་ཚུལ་བརྗོད་པར། སྤྱི་འཐུས་ཁག་ཅིག་ནས་དེར་འགག་པ་བརྒྱབས་ཏེ་ཁྲིམས་འཆར་དེ་ཁྲིམས་འགལ་ཡིན་ན། ད་ཡོད་སྤྱི་འཐུས་ཚང་མ་ཁྲིམས་འགལ་ཡིད་ཚུལ་བརྗོད་དེ། ཕན་ཚུན་བགྲོ་གླེང་རིམ་པར་བྱས་རྗེས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ནང་འོས་ཤོག་བསྡུ་ལེན་གནང་བའི་རྗེས། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་རྟེན་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༢༣པ་དེ་མར་ཟགས་ཡོད་པ་གསལ་བསྒྲགས་གནང་སོང་།

ཐེངས་འདིའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་ནི། བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་དོན་ཙན་༢པའི་༼ག༽པ་སྟེ། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅས་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་བཀོད་འདུག། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་བཞིན་ཕྱི་ལོ་༡༩༩༡ལོའི་སྤྱི་ཟླ་༦པའི་ཚེས་༢༨ཉིན་གཏན་འབེབས་ཀྱིས་སྤྱི་ལོ་༢༠༢༡ལོའི་ཕྱི་ཟླ་༦པའི་ཚེས་༢༨ཉིན་བར་མི་ལོ་གསུམ་བཅུ་ཕྱིན་ཡོད་པར་བརྟེན། ད་རེས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བརྣམས་ཕེབས་ཡོད་པ་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་འདི་ལྟར་གནང་སོང་།
སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ལས་དོན་ཇི་འདྲ་ཞིག་ཡིན་རུང་། སྤྱི་འཐུས་རྒྱུན་ལས་བརྒྱུད་ནས་ཡོང་སྲོལ་ཡོད། འོན་ཀྱང་། ཡིག་ཆ་ཨང་༢༣པ་དེ་ཡང་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་བྱས་ཡོད་ཀྱང་། རྒྱུན་ལས་ནང་ཡིག་ཆ་དེར་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༤ལས་བྱུང་མེད་སྟབས། སྤྱི་འཐུས་ཚོགས་གཙོས་སྲིད་སྐྱོང་ལ་བཀོད་མངགས་གནང་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབྲེལ་བ་བྱས་པའི་རྗེས་འབྲས་སུ། ད་རེས་གྲོས་ཚོགས་ནང་སྲིད་སྐྱོང་གིས་བསྣམས་ཕེབས་པ་ཞིག་ཡིན་པ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འགྲེལ་བརྗོད་གནང་སོང་།

ཡང་ཁ་སྔོན་སྐབས་༡༧བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་སྙན་ཐོ་ཡིག་ཆུང་དེ་བཞིན་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྒྲོག་སྦྱང་གནང་སྐབས། ཚོགས་ཆུང་ངོས་ནས་ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་། བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་དོན་ཚན་༡དང་༢པ་གཉིས་སུ་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་འོས་མི་ཞིག་རག་མེད་པ་གསལ་བསྒྲགས་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་གསུམ་ནི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་ལགས་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། བཀའ་ཟུར་ཐུབ་བསྟན་ལུང་རིག་ལགས་བཅས་ཡིན་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་༢༠༢༡ལོའི་སྤྱི་ཟླ་༡༡་ནང་བགྲེས་ཡོལ་དུ་ཕེབས་པ་དང་བསྟུན། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎